༣༠
ཡ་ཧོ་ཝཱ་ལས་ཡེ་རེམ་ཡཱ་ལ་གསུང་བྱུང་ནས་འདི་སྐད་གསུང་།  ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་གསུང་གླེང་ཞིང་འདི་སྐད་གསུང་། ངས་ཁྱོད་ལ་བསྐོ་བའི་བཀའ་མཆིད་ཐམས་ཅད་དཔེ་ཆ་ཞིག་གི་ནང་དུ་ཡི་གེར་ཁོད་ཅིག  དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་བོས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་དང་ཡ་ཧུ་དཱ་གཉིས་པོའི་བཙོན་གྱི་གནས་ལུགས་འདི་མེད་པར་བྱ་བའི་ཉིན་མོ་རྣམས་འོང་གིན་འདུག་ཡ་ཧོ་ཝཱས་གསུང་། ཡང་ངས་དེ་དག་གི་ཕ་མེས་རྣམས་ལ་གནང་བའི་ཡུལ་ཁམས་དེའི་ནང་དུ་དེ་དག་སླར་ཡང་ཕྱིར་ལོག་འགྲོ་རུ་འཇུག་ཅིང་། དེ་དག་གིས་དེ་མངའ་བར་འགྱུར་རོ༎
 ཡང་འདི་རྣམས་ཡ་ཧོ་ཝཱས་ཨིས་ར་ཨེལ་དང་ཡ་ཧུ་དཱའི་སྐོར་དུ་གསུངས་པའི་བཀའ་མཆིད་རྣམས་སྟེ།  ཅི་ལ་ཟེར་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ངེད་ཀྱིས་ཞི་བདེ་མིན་པའི་འཇིགས་པའི་འདར་ཡམ་གྱི་སྐད་ཐོས་པ་ཡིན།  ད་དྲིས་ཤིག སྐྱེས་པ་སུ་ལའང་སྐྱེ་གཟེར་གྱིས་ཐེབས་སམ། ལྟོས་ཤིག སྐྱེ་གཟེར་གྱིས་ཐེབས་པའི་བུད་མེད་དང་འདྲ་བར་སྐྱེས་པ་ཐམས་ཅད་ཀྱིས་རང་གི་ལག་པ་རྐེད་པ་ལ་ལྷན་པར་ངས་མཐོང་བ་དེ་ཅི་ལགས། ཡང་ཚང་མའི་གདོང་གི་བཀྲག་རྩི་ཁྱེར་ནས་འདུག་གོ།  ཀྱི་ཧུད། ཉིན་མོ་དེ་ཆེ་བའི་ཐབས་ཀྱིས། དེ་ནི་མི་འདྲ་བ་ཞིག་སྟེ། དེ་ནི་ཡ་ཀོབ་སྡུག་བསྔལ་བའི་དུས་ཚོད་ཡིན་གྱིས། དེའི་ནང་ནས་དེ་ཐར་བར་འགྱུར་རོ།  དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་ཀྱི་མཇིང་པ་ལས་དེའི་གཉའ་ཤིང་གཅག ཁྱོད་ཀྱི་བང་ཐག་དེ་དགྲོལ་ཞིང་། སླར་མི་ཡན་རྣམས་ཀྱིས་འཁོལ་བར་མི་འགྱུར་གྱིས།  ཡ་ཧོ་ཝཱ་རང་གི་དཀོན་མཆོག་དང་། ངས་དེ་དག་གི་དོན་དུ་བསྐོ་བྱའི་རང་གི་རྒྱལ་པོ་དཱ་བིད་ཀྱི་གཡོག་བྱེད་པའི་ཉིན་མོ་ལ་འབབ་པར་འགྱུར་རོ། ཞེས་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་གསུང་ངོ་། ༡༠ དེའི་ཕྱིར་ཀྱེ་ངའི་བྲན་པོ་ཡ་ཀོབ། ཁྱོད་འཇིགས་པར་མ་གྱུར་ཅིག ཀྱེ་ཨིས་ར་ཨེལ། སེམས་འཕམ་པར་མ་གྱུར་ཅིག དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ངས་རྒྱང་རིང་པོ་ནས་ཁྱོད་དང་། ཁྱོད་ཀྱི་ཕྲུ་གུ་རྣམས་བཙོན་ཡུལ་ལས་སྒྲོལ་བར་བྱའོ། དེ་ནས་ཡ་ཀོབ་ལོག་འོངས་ཏེ། སེམས་བདེ་ཞིང་ལྷོད་ཀྱིས་སྡོད་པར་འགྱུར་ཏེ། སུས་ཀྱང་དེ་སྐྲག་པར་མི་བྱའོ། ༡༡ གང་ལ་ཞེ་ན། ཁྱོད་སྐྱོབ་ཏུ་ང་ཁྱོད་དང་འགྲོགས་སོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ངས་ཁྱོད་ཅག་གང་དང་གང་དུ་གཏོར་བའི་མི་རིགས་ཀུན་ཚར་གཅོད་རུང་། ཁྱོད་ཚར་དུ་མི་གཅད་པར། ངས་ཚོད་བྱས་ཏེ་ཁྱོད་གཞུན་ནའང་། ཁྱོད་ལ་རྩ་བ་ནས་ཆད་པས་མ་བཅད་པར་འབོར་བར་མི་བྱའོ༎
༡༢ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཀྱི་བུག་པ་གསོ་མི་ནུས་ཤིང་། ཁྱོད་ཀྱི་རྨ་དེ་ཟུག་གཟེར་ཆེ་སྟེ། ༡༣ ཁྱོད་ཀྱི་རྨའི་ཕྱིར་ཁྱོད་ལ་སྨན་དང་འབྱར་གྱི་ཕྱིར་ཞུ་མཁན་གང་ཡང་མེད། ༡༤ ཁྱོད་ཀྱི་གཅེས་པ་དག་གིས་ཁྱོད་བརྗེད་དེ་ཁྱོད་མི་འཚོལ། གང་ལ་ཞེ་ན། ཁྱོད་ཀྱི་ཉེས་སྡིག་མང་དྲགས་པའི་རྐྱེན་གྱིས་ཁྱོད་ཀྱི་མི་དགེ་བ་ཚབས་ཆེ་བ་གྱུར་པའི་ཕྱིར། དགྲ་ལ་རྨ་འབྱིན་པ་ལྟར་ངས་ཁྱོད་ལ་རྨ་ཕྱུང་སྟེ། སྙིང་རྗེ་མེད་པའི་ཚུལ་དུ་ཁྱོད་བཅུན་པ་ཡིན། ༡༥ ཁྱོད་རང་གི་བུག་པའི་ཕྱིར་ཅི་ལ་འོ་དོད་འབྱིན། ཁྱོད་ཀྱི་སྡིག་པ་ནི་མང་དྲགས་པས། ཁྱོད་ཀྱི་ཟུག་གཟེར་གསོ་ཐབས་མེད་པ་ཡིན། ཁྱོད་ཀྱི་མི་དགེ་བ་ཚབས་ཆེ་བར་གྱུར་པས་ན། ངས་འདི་དག་ཁྱོད་ལ་བྱས་སོ། ༡༦ དེ་བས་ན་ཁྱོད་ཟ་མཁན་ཐམས་ཅད་ཀྱང་ཟ་བར་འགྱུར། ཁྱོད་ཀྱི་ཕ་རོལ་པ་ཚང་མ་ཡང་མ་ལུས་པར་བཙོན་དུ་འགྲོ་བར་འགྱུར། ཁྱོད་འཇོམས་མཁན་རྣམས་ཀྱང་འཇོམས་པར་འགྱུར། ཁྱོད་ལས་འཕྲོག་པ་ཐམས་ཅད་ལས་ཀྱང་འཕྲོག་པར་འགྱུར་རོ། ༡༧ དེ་ཅིའི་ཕྱིར་ཞེ་ན། མིས་ཁྱོད་ལ་བསྐྲད་མཁན་ཞེས་མིང་བཏགས་ཏེ། འདི་ནི་སུས་ཀྱང་བདག་རྐྱེན་མི་བྱེད་པའི་ཙི་ཨོན་ནོ་ཞེས་ཟེར་བའི་རྐྱེན་གྱིས། སླར་ངས་ཁྱོད་ཀྱི་ནད་སོས་ཏེ། རྨ་རྣམས་གསོ་བར་བྱའོ་ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༨ ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། བཙོན་པ་ཡ་ཀོབ་ཀྱི་གུར་རྣམས་སླར་ཡང་དྲངས་ནས། དེའི་གནས་ཚང་རྣམས་ལ་ཐུགས་རྗེ་གཟིགས་པར་བྱ་བ་དང་། རང་གི་སྔ་མའི་གྲོང་ཁྱེར་གྱི་མལ་དུ་དེ་རྩིག་ཅིང་། རྒྱལ་ཁབ་ནང་སྔར་ལུགས་སུ་མི་རྣམས་སྡོད་པར་འགྱུར། ༡༩ ཡང་དེ་དག་གི་ནང་ནས་གཏང་རག་དང་། དགའ་མགུ་བྱེད་པའི་སྒྲ་འཐོན་པར་འགྱུར་ཏེ། ངས་དེ་དག་སྤེལ་ཞིང་དེ་རྣམས་མི་དབྲི། ངས་དེ་དག་ལ་དཔལ་སྦྱིན་པས་སླར་སྐྱེངས་པར་མི་འགྱུར། ༢༠ དེ་དག་གི་བུ་བརྒྱུད་རྣམས་ཀྱང་སྔར་ལྟར་འགྱུར་ཞིང་། དེ་དག་གི་ཆོས་ཚོགས་ཁོ་བོའི་ཞལ་ངོར་འཚུགས་པར་འགྱུར། ཡང་འདི་དག་ལ་རྔན་ཆེན་བྱེད་པ་དག་ལ་ངས་ཆད་པ་གཅད་དོ། ༢༡ དེ་དག་གི་སྐུ་དྲག་དེ་དག་རང་གི་ནང་ནས་འཐོན་ཞིང་། རང་གི་ཁྲོད་ནས་རང་གི་དཔོན་པོ་འབྱུང་བར་འགྱུར། ངས་དེ་ནི་ངའི་དྲུང་དུ་བསྙེན་ཞིང་། ང་དང་ཉེ་བར་སླེབ་པར་འགྱུར། དེ་མིན་ངའི་དྲུང་དུ་འོང་བའི་སྙིང་སྟོབས་སུ་ལ་ཡོད། ཞེས་ཡ་ཧོ་ཝཱས་གསུང་། ༢༢ དེ་ནས་ཁྱོད་ཅག་ངའི་མི་སྡེ་དང་། ང་ཁྱོད་ཀྱི་དཀོན་མཆོག་ཡིན་པར་འགྱུར་རོ༎
༢༣ ལྟོས་ཤིག ཡ་ཧོ་ཝཱའི་ཁྲོའི་གཏུམ་གྱི་རླུང་དྲག་འཕྱག་དར་རྒྱབ་པའི་རླུང་དམར་དེ་ཐོན་ཟིན་ཏེ། སྡིག་སྤྱོད་ཀྱི་མགོར་འབབ་པར་འགྱུར། ༢༤ དེ་མ་སྒྲུབ་པའི་བར་དང་། ཁོང་གི་ཐུགས་འདོད་རྣམས་མཐར་མ་སྐྱེལ་བའི་བར་དུ་ཡ་ཧོ་ཝཱའི་ཁྲོ་གཏུམ་དྲག་པོ་དེ་ཞི་བར་མི་འགྱུར། ཕྱི་མའི་དུས་སུ་ཁྱོད་ཅག་གིས་དེ་ཅི་ཡིན་གོ་བ་རྙེད་པར་འགྱུར་རོ༎