༢༩
དེའང་བཙོན་དུ་བཟུང་ནས་ཁྲིད་པའི་ཕྱི་ལུས་ཀྱི་རྒན་པོ་དང་། བླ་མ་དང་། ལུང་སྟོན་པ་དང་། ནེ་བུ་ཀད་ནེ་ཙར་གྱིས་ཡེ་རུ་ཤ་ལེམ་ནས་བཱ་བེལ་དུ་བཙོན་དུ་ཁྲིད་པའི་མི་སྡེ་ཡོངས་ལ། ལུང་སྟོན་པ་ཡེ་རེམ་ཡཱས་ཡེ་རུ་ཤ་ལེམ་ནས་བསྐུར་བའི་ཕྱག་བྲིས་ཀྱི་ཚིག་རྣམས་སམ།  རྒྱལ་པོ་ཡེ་ཀོན་ཡཱ་དང་། ཡུམ་རྒྱལ་མོ་དང་། ཉུག་རུམ་དང་། ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་གྱི་སྐུ་དྲག་དང་། ཤིང་བཟོ་པ་དང་། མགར་བ་རྣམས་དང་བཅས་པ་ཡེ་རུ་ཤ་ལེམ་ནས་ཐོན་ཟིན་པའི་རྗེས་སུ།  ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱས་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་རྩར་བཱ་བེལ་དུ་མངགས་པའི་ཤཱ་ཕན་གྱི་བུ་ཨེལ་ཨ་ཟར་དང་། ཧིལ་ཀི་ཡཱའི་བུ་གེ་མར་ཡཱ་གཉིས་པོའི་ལག་པར་བརྫངས་པའི་ནང་ན་འདི་ལྟ་སྟེ།  དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས། ངས་ཡེ་རུ་ཤ་ལེམ་ནས་བཱ་བེལ་དུ་བཙོན་དུ་བཏང་བའི་བཙོན་པ་ཐམས་ཅད་ལ་འདི་སྐད་གསུང་།  ཁྱོད་ཅག་ཁང་པ་བརྩིགས་ནས་སྡོད་ཅིག སྐྱེད་ཚལ་བྱས་ནས་དེའི་ཤིང་ཏོག་ཟོས་ཤིག  ཆུང་མ་བླངས་ཏེ་བུ་དང་བུ་མོ་སྐྱེད་ཅིག དེ་ལའང་བུ་དང་བུ་མོ་སྐྱེ་བ་དང་། ཁྱོད་ཅག་དེར་དར་ཞིང་མི་འབྲི་བའི་ཕྱིར་དུ། བུ་རྣམས་ལ་མནའ་མ་བློངས་ཤིག བུ་མོ་རྣམས་མནའ་མར་སྟེར་ཞིག  ཡང་ངས་ཁྱོད་ཅག་བཙོན་ལ་ཁྲིད་དུ་བཅུག་པའི་གྲོང་ཁྱེར་དེའི་ཞི་བདེ་ཚོལ་ཞིང་། དེའི་ཞི་བདེའི་ནང་ན་ཁྱོད་ལ་ཞི་བདེ་འབྱུང་བའི་ཕྱིར་དུ། ཡུལ་དེའི་དོན་དུ་ཡ་ཧོ་ཝཱར་གསོལ་བ་ཐོབ་ཅིག
 གང་ལ་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་གི་ཁྲོད་ན་ཡོད་པའི་ཁྱོད་ཅག་གི་ལུང་སྟོན་པ་དང་། མངོན་ཤེས་པ་རྣམས་ཀྱིས་ཁྱོད་ཅག་གི་མགོ་སྐོར་དུ་མ་ཆུག་ཅིག རྨི་བའི་རྨི་ལམ་རྣམས་ལའང་ཁྱོད་ཅག་གིས་མ་ཉན་ཞིག  དེ་ཅིའི་ཕྱིར་ཞེ་ན། དེ་ཚོས་ངའི་མཚན་འཁུར་ཞིང་ཁྱོད་ཅག་ལ་རྫུན་གྱི་ལུང་སྟོན་པར་བྱེད། ངས་ནི་དེ་དག་བཏང་བ་མ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༠ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་དུ། བཱ་བེལ་དུ་ལོ་བདུན་ཅུ་རྫོགས་དུས། ངས་ཁྱོད་ཅག་ལ་གཟིགས་སུ་བྱོན་ནས། ངས་ཁྱོད་ཅག་སླར་གནས་འདི་རང་དུ་འདྲེན་པའི་ངང་ནས་ཉིད་ཀྱི་བཀའ་བཟང་པོ་དེ་སྒྲུབ་པར་བྱའོ། ༡༡ གང་ལ་ཞེ་ན། ཁྱོད་ཅག་ལ་རེ་བའི་མཇུག་སྐྱོང་དུ་ངན་པ་མིན་པའི་ཞི་བདེའི་ཐུགས་ཁྱོད་ཅག་གི་ཕྱོགས་སུ་སྐྱེད་པའི་ཉིད་ཀྱི་ཐུགས་དགོངས་རྣམས་ཀྱི་ཆ་ཁོ་བོར་གདའོ། ཞེས་ཡ་ཧོ་ཝཱས་གསུང་། ༡༢ དེ་ནས་ཁྱོད་ཅག་གིས་ང་ལ་འབོད་ཅིང་། གསོལ་བ་འདེབས་པའི་ཚེ། ངས་དེ་གསན་པར་ཡང་བྱའོ། ༡༣ ཡང་ཁྱོད་ཚོས་སྙིང་ཐག་པ་ནས་ང་འཚོལ་བའི་དུས། ཁྱོད་ཅག་གིས་ང་བཙལ་ནས་རྙེད་པར་ཡང་འགྱུར། ༡༤ ཐོབ་པར་ཡང་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་། ཡང་ངས་ཁྱོད་ཅག་གི་བཙོན་གྱི་གནས་ལུགས་དེ་མེད་པར་བྱས་ཏེ། ངས་ཁྱོད་ཅག་གང་དང་གང་དུ་བསྐྲད་བཏང་བའི་མི་རིགས་ཐམས་ཅད་དང་ས་ཆ་ཀུན་ལས་སྡུད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ཡང་ངས་ཁྱོད་ཅག་གང་ས་ཆ་ནས་བཙོན་དུ་བཟུང་ནས་འཁྲིད་དུ་བཅུག་པའི་ས་ཆ་དེ་རང་དུ་སླར་ཟློག་པར་བྱའོ༎
༡༥ དེ་ཅིའི་སླད་དུ་ཞེ་ན། ཡ་ཧོ་ཝཱས་བཱ་བེལ་གྱི་ནང་ན་ངེད་ཀྱི་དོན་དུ་ལུང་སྟོན་པ་རྣམས་བསྐོས་པ་ལགས། ཞེས་ཁྱེད་ཚོས་ཟེར་རོ། ༡༦ དེས་ན་ཡ་ཧོ་ཝཱས་དཱ་བིད་ཀྱི་རྒྱལ་ཁྲིར་འཁོད་པའི་རྒྱལ་པོའི་དོན་དུ་དང་། གྲོང་ཁྱེར་འདིར་གནས་པའི་མི་སྡེ་ཀུན་གྱི་དོན་དུ་དང་། ཁྱོད་དང་ལྷན་ཅིག་ཏུ་བཱ་བེལ་དུ་མ་ཆས་པའི་ཁྱོད་ཀྱི་སྤུན་རྣམས་ཀྱི་དོན་དུ་འདི་སྐད་གསུང་། ༡༧ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་དེ་དག་གི་ཐོག་ཏུ་རལ་གྲི་དང་མུ་གེ་དང་རིམས་ནད་གཏང་ཞིང་། བརྩོག་པ་ཡིན་སྟབས་ཀྱིས་ཟར་ཡང་མི་ནུས་པའི་སེ་ཡབ་ཐུ་བ་དང་མཚུངས་པར་དེ་རྣམས་བྱ་སྟེ། ༡༨ ངས་རལ་གྲི་མུ་གེ་རིམས་ནད་དང་གསུམ་བླངས་ནས་དེ་དག་ལ་བདའ་ཞིང་། སའི་རྒྱལ་ཁམས་ཐམས་ཅད་དང་། ངས་གང་དང་གང་དུ་བསྐྲད་ཡོད་པའི་མི་རིགས་ཀུན་གྱི་དབུས་སུ་དེ་དག་གླུད་དང་། ཧན་འཁྱོར་བ་དང་། འོ་ཤོ་དང་སྨོད་ཟོར་དུ་འགྱུར་བའི་ཕྱིར་གཏད་དོ། ༡༩ དེ་གང་གི་ཕྱིར་ཞེ་ན། དེ་དག་ཁོ་བོའི་གསུང་རྣམས་ལ་མ་ཉན་པའི་ཕྱིར་རོ། ཞེས་ཡ་ཧོ་ཝཱས་གསུང་། དེ་ལྟར་ཉིད་ཀྱི་ཞབས་ཏོག་པ་ལུང་སྟོན་པ་དེ་དག་དང་མཉམ་ཁོ་རྣམས་ཀྱི་མདུན་དུ་སྔ་གསར་ཡར་བཞེངས་ནས་མངགས་ཀྱང་། ཁྱོད་ཉན་པར་མ་འདོད་དོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༠ དེའི་ཕྱིར་ངས་ཡེ་རུ་ཤ་ལེམ་ནས་བཱ་བེལ་དུ་བཏང་བའི། ཀྱེ་བཙོན་པ་ཐམས་ཅད། ཡ་ཧོ་ཝཱའི་གསུང་ལ་རྣ་བ་ཐུད་ཅིག ༢༡ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས། ངའི་མཚན་བརྗོད་ཅིང་ཁྱོད་ལ་རྫུན་གྱི་ལུང་སྟོན་པའི་ཀོ་ལ་ཡཱའི་བུ་ཨ་ཧབ་དང་མ་ཨ་སེ་ཡཱའི་བུ་ཚེ་དེག་ཡཱ་གཉིས་ཀྱི་ཕྱིར་འདི་སྐད་གསུང་། ཀྱེ་ཧོ། ངས་དེ་དག་གཉིས་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་པར་གཏད་དེ། དེས་ཁྱོད་ཅག་གི་མིག་གི་མདུན་དུ་དེ་དག་གསད་ཅིང་། ༢༢ བཱ་བེལ་དུ་ཡོད་པའི་ཡ་ཧུ་དཱའི་བཙོན་པ་ཚང་མས་དེ་གཉིས་པོ་དམོད་པའི་དཔེར་བླང་ཞིང་། བཱ་བེལ་རྒྱལ་པོས་མེའི་ནང་བསྲེགས་པའི་ཚེ་དེག་ཡཱ་དང་ཨ་ཧབ་ལྟར་ཡ་ཧོ་ཝཱས་ཁྱོད་ལའང་མཛོད་ཅིག་ཟེར་བར་འགྱུར་རོ། ༢༣ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཨིས་ར་ཨེལ་གྱི་ནང་དུ་འཆལ་སྤྱོད་དང་། རང་གི་ཁྱིམ་མཚེས་ཀྱི་ཆུང་མ་རྣམས་དང་མཉམ་དུ་ལོག་གཡེམ་བྱས། ཡང་ངས་དེ་དག་ལ་མ་གསུངས་པར་ངའི་མཚན་བཀུར་ནས་རྫུན་ཚིག་སྨྲས་པའི་ཆ་ང་ལ་ཡོད་པས་དཔང་པོའང་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༢༤ ཡང་ཁྱོད་ཀྱིས་ནེ་ཧེ་ལམ་པ་ཤེ་མ་ཡཱ་ལ་གཏམ་བྱེད་ཅིང་འདི་ལྟར་སྦྲོན་ཞིག ༢༥ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། དེའང་ཁྱོད་ཀྱིས་ཡེ་རུ་ཤ་ལེམ་ན་ཡོད་པའི་མི་ཐམས་ཅད་དང་། མ་ཨ་སེ་ཡཱའི་བུ་ཟེ་ཕན་ཡཱ་བྱ་བའི་བླ་མ་དང་། དགེ་འདུན་ཚང་མ་ལ་རང་གི་མིང་གི་ནང་དུ་བསྐུར་པའི་ཡི་གེའི་ནང་ལ་འདི་སྐད་དུ། ༢༦ ཡ་ཧོ་ཝཱའི་ཕོ་བྲང་གི་འགོ་དཔོན་ཞིག་ཏུ་འགྱུར་བའི་ཕྱིར་ཡ་ཧོ་ཝཱས་ཁྱོད་བླ་མ་ཡེ་ཧོ་ཡ་དཱའི་ཚབ་ཏུ་བླ་མར་མཛད་པ་ཡིན། གང་ལ་ཞེ་ན། ཁྱོད་ཀྱིས་མི་སྨྱོན་པ་ཚང་མ་དང་། རང་ལུང་སྟོན་པ་ཡིན་ཟེར་བ་དེ་ཨན་གདོས་དང་སྐེ་ལྕགས་ལ་འཇུག་པའི་ཕྱིར་རོ། ༢༧ དེ་བས་ན། ད་ཁྱོད་ཀྱི་དྲུང་དུ་ལུང་སྟོན་པའི་ཨ་ན་ཐོད་པ་ཡེ་རེམ་ཡཱ་ལ་ཁྱོད་ཀྱིས་ཅིའི་སླད་དུ་མ་བཀྱོན། ༢༨ ཅི་ལ་ཟེར་ན། དེས་བདག་ཅག་ལ། བཙོན་ལ་གནས་པ་འདི་ཡུན་རིང་སྟེ། ཁང་པ་བརྩིགས་ནས་དེ་ནང་སྡོད་ཅིག ཚལ་བྱས་ཏེ་དེའི་ཐོག་ཟོས་ཤིག ཅེས་པའི་ཕྲིན་བཱ་བེལ་དུ་བསྐུར་ཏོ། ༢༩ ཡང་བླ་མ་ཟེ་ཕན་ཡཱས་ཡི་གེ་འདི་ལུང་སྟོན་པ་ཡེ་རེམ་ཡཱའི་རྣ་བའི་མདུན་དུ་བཀླགས་སོ༎
༣༠ དེ་ནས་ཡེ་རེམ་ཡཱར་ཡ་ཧོ་ཝཱའི་གསུང་བྱོན་ནས་འདི་སྐད་དུ། ༣༡ བཙོན་པ་ཀུན་ལ་འདི་སྐད་འཕྲིན་སྐུར་ཞིག ཡ་ཧོ་ཝཱས་ནེ་ཧེ་ལམ་པ་ཤེ་མ་ཡཱའི་སྐོར་འདི་སྐད་གསུང་། ངས་ཤེ་མ་ཡཱ་མ་མངགས་པར་དེས་ཁྱོད་ཅག་ལ་ལུང་བསྟན་ཏེ། ཁྱོད་ཅག་རྫུན་ཚིག་ལ་ཡིད་ཆེས་སུ་བཅུག་པས་ན། ༣༢ དེའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས། ངས་ནེ་ཧེ་ལམ་པ་ཤེ་མ་ཡཱ་དང་དེའི་བརྒྱུད་ལ་ཆད་པས་གཅད་དོ། མི་བརྒྱུད་འདིའི་ཁྲོད་དུ་སྡོད་པའི་ཕྱིར་དེའི་མི་གཅིག་ཀྱང་མི་ལུས་ཤིང་། ངས་ཉིད་ཀྱི་མི་སྡེ་ལ་མཛད་རྒྱུ་ཡོད་པའི་བྱ་བ་བཟང་པོ་དེའང་དེས་མཐོང་བར་མི་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་། དེ་ཅིའི་ཕྱིར་ཞེ་ན། དེས་ཡ་ཧོ་ཝཱ་ལ་འབངས་གྱེན་ལོག་ཞུས་པ་ཡིན་ནོ༎