༢༨
ཡང་ལོ་དེ་རང་དུ་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱས་རྒྱལ་སྲིད་འཛིན་པའི་ཐོག་མར། ལོ་བཞི་པའི་ཟླ་བ་ལྔ་པའི་ནང་དུ་བྱུང་བར་གྱུར་པ་ནི། གི་བེ་ཨོན་པ་ཨ་ཟུར་གྱི་བུ་ཧ་ནན་ཡཱ་བྱ་བའི་ལུང་སྟོན་པས་ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དུ་བླ་མ་རྣམས་དང་། མི་སྡེ་བྱིངས་ཀྱི་མདུན་དུ་བདག་ལ་འདི་ན་རེ།  དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་བཱ་བེལ་རྒྱལ་པོའི་གཉའ་ཤིང་དེ་བཅད་ཟིན་ཏེ།  ལོ་ཧྲིལ་པོ་གཉིས་ཀྱི་ནང་དུ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་གནས་འདི་ནས་ཁྱེར་ཏེ་བཱ་བེལ་དུ་དྲངས་པའི་ཡ་ཧོ་ཝཱའི་ཕོ་བྲང་གི་མཆོད་རྫས་ཐམས་ཅད་ངས་སླར་འདིར་འདྲེན་པར་བྱ་སྟེ།  བཱ་བེལ་དུ་ཕྱིན་པའི་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱི་སྲས་ཡེ་ཀོན་ཡཱ་དང་བཅས་ཡ་ཧུ་དཱའི་བཙོན་པ་ཚང་མ་ཕྱིར་ལོག་ནས་འདིར་འདྲེན་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ངས་བཱ་བེལ་རྒྱལ་པོའི་གཉའ་ཤིང་དེ་གཅོག་པར་བྱའོ། ཡ་ཧོ་ཝཱས་གསུང་ངོ་ཞེས་ཟེར་བ་དང་།
 ཡེ་རེམ་ཡཱས་ཡ་ཧོ་ཝཱའི་ཕོ་བྲང་ནང་ཀེ་རེ་ཡོད་པའི་བླ་མ་རྣམས་དང་མི་སྡེ་ཐམས་ཅད་ཀྱི་མདུན་དུ་ལུང་སྟོན་པ་ཧ་ནན་ཡཱ་ལ།  འོ་ན། ལུང་སྟོན་པ་ཡེ་རེམ་ཡཱས་སྨྲས་པ། ཨ་མེན། ཡ་ཧོ་ཝཱས་དེ་ལྟར་མཛོད་ཅིག ཡ་ཧོ་ཝཱའི་ཕོ་བྲང་གི་མཆོད་རྫས་དང་། གནས་འདི་ནས་བཙོན་དུ་ཁྱེར་པ་ཚང་མ་བཱ་བེལ་ནས་གནས་འདིར་ཕྱིར་ལོག་འདྲོངས་པའི་ཁྱོད་ཀྱི་ལུང་བསྟན་བཞིན་དུ་ཡ་ཧོ་ཝཱས་སྒྲུབ་པར་མཛོད་ཅིག  དེ་ནས་ཀྱང་ངས་ཁྱོད་རང་གི་རྣ་བ་དང་མི་སྡེ་ཀུན་གྱི་རྣ་བར་སྦྲོན་པའི་གཏམ་དེ་ལ་ད་ཉོན་ཞིག  ང་དང་ཁྱོད་གཉིས་ལས་སྔོན་དུ་སྔར་འདས་པའི་དུས་སུ་བྱུང་བའི་ལུང་སྟོན་པ་དག་གིས། ཡུལ་དུ་མ་དང་རྒྱལ་ཁམས་ཆེན་པོ་དག་གི་སྐོར་དུ་དམག་དང་། རྐྱེན་ངན་དང་། རིམས་ནད་ཀྱི་ལུང་བསྟན་པ་ཡིན།  དེའང་ཞི་བདེ་ལུང་དུ་སྟོན་མཁན་གྱི་ལུང་སྟོན་པའི་ཚིག་ནང་བཞིན་དུ་སྒྲུབ་པའི་དུས་སུ། དེ་ནི་ངོ་ཐོག་ཡ་ཧོ་ཝཱས་མངགས་པའི་ལུང་སྟོན་པ་ཡིན་པ་རྟོགས་པར་འགྱུར་རོ། ཞེས་སྨྲས་པ་ལས།
༡༠ ལུང་སྟོན་པ་ཧ་ནན་ཡཱས་ཡེ་རེམ་ཡཱའི་མཇིང་པ་ལས་གཉའ་ཤིང་དེ་བླངས་ནས་བཅག་སྟེ། ༡༡ ཧ་ནན་ཡཱས་མི་སྡེ་ཐམས་ཅད་ཀྱི་མདུན་དུ་གཏམ་བྱས་ཏེ། ལོ་ཧྲིལ་པོ་གཉིས་ཀྱི་ནང་དུ་ངས་མི་བརྒྱུད་ཐམས་ཅད་ཀྱི་མཇིང་པ་ལས་ཀྱང་འདི་ཁོ་ན་བཞིན་དུ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་གཉའ་ཤིང་དེ་གཅག་གོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། སྨྲས་པ་དང་། ལུང་སྟོན་པ་ཡེ་རེམ་ཡཱ་རང་གི་ལམ་དུ་བཞུད་དོ། ༡༢ དེ་ནས་ལུང་སྟོན་པ་ཧ་ནན་ཡཱས་ལུང་སྟོན་པ་ཡེ་རེམ་ཡཱའི་མཇིང་པ་ལས་གཉའ་ཤིང་དེ་བཅག་པའི་རྗེས་སུ། ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱའི་གསུང་བྱོན་ཏེ་འདི་སྐད་དུ། ༡༣ ད་སོང་ལ། ཧ་ནན་ཡཱ་ལ་འདི་སྐད་སྦྲོན་ཞིག ཡ་ཧོ་ཝཱའི་བཀའ་ནི། ཁྱོད་ཀྱིས་ཤིང་གི་གཉའ་ཤིང་ཞིག་བཅག་ཀྱང་། དེའི་ཚབ་ཏུ་ལྕགས་ཀྱི་གཉའ་ཤིང་བཟོ་བར་འགྱུར་རོ། ༡༤ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་གཡོག་བྱེད་དུ། ངས་མི་བརྒྱུད་འདི་དག་གི་མཇིང་པར་ལྕགས་ཀྱི་གཉའ་ཤིང་བཀལ་ཡོད་པས། འདི་དག་གིས་དེའི་གཡོག་བྱེད་པར་ངེས་ཏེ། ངས་དེ་ལ་རིའི་རི་དྭགས་ཀྱང་བསྟེར་བ་ཡིན། ཞེས་གསུང་ངོ་༎
༡༥ དེ་ནས་ལུང་སྟོན་པ་ཡེ་རེམ་ཡཱས་ལུང་སྟོན་པ་ཧ་ནན་ཡཱ་ལ། ཀྱེ་ཧ་ནན་ཡཱ། ད་ཉོན་ཞིག ཡ་ཧོ་ཝཱས་ཁྱོད་མངགས་པ་མིན་པས། ཁྱོད་ཀྱིས་མི་སྡེ་འདི་རྫུན་ཚིག་ལ་ཡིད་ཆེས་སུ་འཇུག་གོ། ༡༦ དེའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་དུ། ཀྱེ་ཧོ། ངས་ཁྱོད་ས་སྟེང་ལས་སྐྲོད་པར་བྱ་སྟེ། འདི་ལོ་རང་ཁྱོད་འཆི་བར་འགྱུར། གང་ལ་ཞེ་ན། ཁྱོད་ཀྱིས་ཡ་ཧོ་ཝཱ་ལ་འབངས་གྱེན་ལོག་བྱེད་པ་བསླབས་པ་ཡིན། གསུང་ངོ་ཞེས་སྨྲས་སོ། ༡༧ དེ་བཞིན་དུ་ལུང་སྟོན་པ་ཧ་ནན་ཡཱ་ལོ་དེ་རང་གི་ཟླ་བ་བདུན་པའི་ནང་དུ་ཚེ་འདས་སོ༎