༢༧
ཡོ་ཤི་ཡཱའི་བུ་ཡོ་ཡཱ་ཀིམ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོས་རྒྱལ་སྲིད་འཛིན་པ་ལ་ཚུགས་པའི་འཁོར་དུ། ཡེ་རེམ་ཡཱ་ལ་ཡ་ཧོ་ཝཱ་ལས་གསུང་འདི་བྱུང་ནས། ༢ ཡ་ཧོ་ཝཱས་ང་ལ་འདི་སྐད་གསུང་། ཁྱོད་རང་གི་ཕྱིར་བང་ཐག་དང་གཉའ་ཤིང་རྣམས་བྱོས་ཤིག་དང་། རང་གི་མཇིང་པར་ཁོལ་ཞིག ༣ དེ་ནས་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱའི་དྲུང་ཡེ་རུ་ཤ་ལེམ་དུ་འོང་བའི་བང་ཆེན་དག་གི་ལག་ཏུ་འདི་རྣམས་ཨེ་དོམ་གྱི་རྒྱལ་པོ་དང་། མོ་ཨབ་ཀྱི་རྒྱལ་པོ་དང་། ཨམ་མོན་གྱི་བུ་རྣམས་ཀྱི་རྒྱལ་པོ་དང་། ཚོར་གྱི་རྒྱལ་པོ་དང་། ཚི་དོན་གྱི་རྒྱལ་པོ་ལྔ་ལ་རྫོངས་ཤིག ༤ ཡང་ཁྱོད་ཀྱིས་དེ་དག་གི་ཇོ་བོ་རྣམས་ལ་ཕྲིན་སྐུར་ཞིང་འདི་སྐད་དུ། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཅག་གིས་རང་གི་ཇོ་བོ་རྣམས་ལ་འདི་ལྟར་སྨྲོས་ཤིག ༥ ངས་ས་གཞི་དང་། ས་ལ་ཡོད་པའི་མི་དང་སྲོག་ཆགས་རྣམས་ནི། ང་ཉིད་ཀྱི་མཐུ་སྟོབས་ཆེན་པོ་དང་། ངའི་བརྐྱངས་ཡོད་པའི་ཕྲག་པས་བཀོད་པ་ཡིན་ཏེ། ངས་སུ་འོས་པར་རིག་པ་ལ་སྦྱིན་ནོ། ༦ ད་ལྟ་ངས་ཡུལ་ཁམས་འདི་ཀུན། ངའི་ཞབས་ཏོག་པ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་པར་གཏད་ནས། དེ་ལ་གཡོག་བྱེད་དུ་རིའི་རི་དྭགས་རྣམས་ཀྱང་བྱིན་པ་ཡིན་ཏེ། ༧ རང་གི་ཡུལ་ཁམས་ཀྱི་དུས་ལ་མ་འབབ་པའི་བར་དུ་མི་རིགས་ཀུན་གྱིས་དེ་དང་། དེའི་བུ་དང་། བུའི་བུ་ལ་གཡོག་བྱེད་པར་དགོས། དེའི་འོག་ཏུ་དེས་མི་སྡེ་དང་། རྒྱལ་ཆེན་མང་པོ་གཡོག་བྱེད་པར་འགྱུར་རོ། ༨ དེ་ནས་མི་བརྒྱུད་དམ། རྒྱལ་སྲིད་གང་གིས་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་འདི་ལ་གཡོག་མི་བྱེད་ཅིང་། བཱ་བེལ་རྒྱལ་པོའི་གཉའ་ཤིང་གི་འོག་ཏུ་མཇིང་པ་མི་འགུག་པའི་མི་བརྒྱུད་དེ་ལ། ཡ་ཧོ་ཝཱའི་བཀའ་ནི། རལ་གྲི་དང་། མུ་གེ་དང་། རིམས་ནད་ཀྱིས་ངས་དེའི་ལག་པ་དང་མི་དེ་རྣམས་མ་སྣུབ་པའི་བར་དུ་ཆད་པས་གཅད་དོ། ༩ དེས་ན་སུས་ཁྱོད་ཅག་བཱ་བེལ་རྒྱལ་པོའི་གཡོག་བྱེད་པར་མི་འགྱུར་ཞེས་ཟེར་ནས་བཤད་པའི་ཁྱོད་ཅག་རང་གི་ལྷ་པ་རྣམས་སམ། མངོན་བཤེས་པ་རྣམས་སམ། རྨི་ལམ་མཁན་རྣམས་སམ། མཚན་མཁན་རྣམས་སམ། འཕྲུལ་པ་རྣམས་ལ་མ་ཉན་ཞིག ༡༠ དེ་ཅིའི་ཕྱིར་ཞེ་ན། དེ་ཚོས་ཁྱོད་ཅག་རང་ཡུལ་ལས་ས་ཐག་རིང་པོར་འཁྱེར་བ་དང་། ངས་ཁྱོད་ཅག་འདེད་ཅིང་གསོད་པའི་དོན་དུ་རྫུན་གྱི་ལུང་སྟོན་ནོ། ༡༡ འོན་ཀྱང་གང་བཱ་བེལ་རྒྱལ་པོའི་གཉའ་ཤིང་གི་འོག་ཏུ་འཇུག་ཅིང་། དེ་ལ་གཡོག་བྱེད་པའི་མི་བརྒྱུད་དེ་ནི་རང་ཡུལ་དུ་ལུས་ཤིང་། ཞིང་རྨོ་ཞིང་གནས་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༢ ཚིག་འདི་ཁོ་ན་བཞིན་ངས་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་ལའང་བསྐུལ་ནས་འདི་སྐད་དུ། བཱ་བེལ་རྒྱལ་པོའི་གཉའ་ཤིང་གི་འོག་ཏུ་མཇིང་པ་རྣམས་བཅུག་ནས། དེ་རང་དང་དེའི་མི་བརྒྱུད་ཀྱི་གཡོག་བྱོས་ཤིག་དང་གསོན་པོར་ལུས་པར་འགྱུར། ༡༣ བཱ་བེལ་རྒྱལ་པོའི་གཡོག་མི་བྱེད་པའི་མི་བརྒྱུད་ཀྱི་སྐོར་ཡ་ཧོ་ཝཱས་གསུངས་ཟིན་པར་ལྟར། ཁྱེད་དང་ཁྱེད་ཀྱི་མི་སྡེ་རལ་གྲི་དང་མུ་གེ་དང་རིམས་ནད་ཀྱིས་ཅི་ལ་འཆི་བར་འདོད། ༡༤ དེས་ན་ཁྱེད་བཱ་བེལ་རྒྱལ་པོའི་གཡོག་བྱེད་པར་མི་འགྱུར་རོ། ཞེས་ཟེར་ཞིང་བཤད་པའི་ལུང་སྟོན་པ་དག་གི་གཏམ་ལ་མ་ཉན་ཞིག དེ་དག་གིས་ཁྱེད་ལ་རྫུན་གྱི་ལུང་སྟོན་ནོ། ༡༥ དེ་ཅིའི་ཕྱིར་ཞེ་ན། ངས་དེ་རྣམས་བཏང་བ་མིན་ཡ་ཧོ་ཝཱས་གསུང་བའི་སྟེང་དུའང་། ཁྱོད་ཅག་ལ་ལུང་སྟོན་པའི་ལུང་སྟོན་པ་རྣམས་དང་ལྷན་ཅིག་ཏུ་ངས་ཁྱོད་ཅག་སྐྲད་དེ། མེད་པར་བྱེད་པའི་ཕྱིར་དུ་ངའི་མཚན་བརྗོད་ཅིང་རྫུན་གྱི་ལུང་སྟོན་ནོ། ཞེས་ཟེར་བ་ཡིན།༡༦ དེ་མ་ཟད། བླ་མ་རྣམས་དང་མི་སྡེ་འདི་ཚང་མ་ལའང་ངས་བསྐུལ་ནས་འདི་སྐད་དུ། ཡ་ཧོ་ཝཱའི་གསུང་ནི་འདི་ལྟ་སྟེ། ཁྱོད་ཅག་ལ་ལུང་སྟོན་ཞིང་། གཟིགས་ཤིག ད་དུས་རེ་ཞིག་ནས་ཡ་ཧོ་ཝཱའི་ཕོ་བྲང་གི་མཆོད་རྫས་རྣམས་སླར་བཱ་བེལ་ནས་འདིར་འདྲེན་པར་འགྱུར་རོ། ཞེས་ཟེར་བའི་ཁྱོད་རང་གི་ལུང་སྟོན་པའི་གཏམ་ལ་མ་ཉན་ཞིག ཅི་ལ་ཟེར་ན། དེ་དག་གིས་ཁྱོད་ལ་རྫུན་གྱི་ལུང་སྟོན་ནོ། ༡༧ དེ་དག་ལ་མ་ཉན་པར། བཱ་བེལ་རྒྱལ་པོའི་གཡོག་བྱེད་ཅིང་གསོན་པོར་སྡོད་ཅིག གྲོང་ཁྱེར་འདི་སྟོངས་སུ་འཇུག་པས་ཅི་ཕན། ༡༨ འོན་ཀྱང་གལ་ཏེ་དེ་དག་ལུང་སྟོན་པ་ལགས་ཤིང་། དེ་དག་དང་བཅས་སུ་ཡ་ཧོ་ཝཱའི་གསུང་ཕྲིན་ཡོད་ན། ཡ་ཧོ་ཝཱའི་ཕོ་བྲང་དང་། ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་དང་། ཡེ་རུ་ཤ་ལེམ་ན་ལུས་ཡོད་པའི་མཆོད་རྫས་རྣམས་བཱ་བེལ་དུ་མི་འཁྱེར་བའི་དོན་དུ། དེ་དག་ལ་ང་རང་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ལ་བཅོལ་དུ་ཆུག་ཅིག ཅེས་བྱས་པ་ཡིན་ནོ། ༡༩ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས། ཀ་བ་རྣམས་ཀྱི་ཆེད་དུ་དང་། རྒྱ་མཚོའི་ཆེད་དུ་དང་ཁྲི་རྣམས་ཀྱི་སྐོར་དུ་དང་། ༢༠ བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཡོ་ཡཱ་ཀིམ་གྱི་སྲས་ཡེ་ཀོན་ཡཱ་བྱ་བ་ཡ་ཧུ་དཱའི་རྒྱལ་པོ་དང་། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་གྱི་དྲག་རིགས་ཐམས་ཅད་ཡེ་རུ་ཤ་ལེམ་ནས་བཟུང་ནས་བཱ་བེལ་དུ་འཁྱེར་དུས་སུ་མ་འཁྱེར་བར། གྲོང་ཁྱེར་འདི་ནང་ལུས་ཡོད་པའི་རྫས་དག་གི་ཆེད་དུ་འདི་སྐད་གསུང་། ༢༡ འོ། ཡ་ཧོ་ཝཱའི་ཕོ་བྲང་དང་། ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་དང་། ཡེ་རུ་ཤ་ལེམ་ནང་ལུས་ཡོད་པའི་རྫས་རྣམས་ཀྱི་སྐོར་དུ་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་བཀའ་ནི། ༢༢ དེ་རྣམས་བཱ་བེལ་དུ་སླེབ་པར་འགྱུར། ཡང་ངས་དེ་དག་དྲན་པའི་ཉིན་མོའི་བར་དུ་དེར་ལུས་པར་འགྱུར། དེའི་ཚེ་ངས་དེ་དག་བླངས་ནས་འདིར་སླར་འཁྱེར་འོང་བར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎