༢༦
ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་སྲས་ཡོ་ཡཱ་ཀིམ་གྱིས་རྒྱལ་སྲིད་སྐྱོང་དུ་ཚུགས་པའི་ཚེ་ན། ཡ་ཧོ་ཝཱ་ལས་གསུང་འདི་བྱོན་ནོ༎
 ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཡ་ཧོ་ཝཱའི་ཕོ་བྲང་ནང་ཀེར་ལངས་ནས། ངས་ཁྱོད་ལ་ཅི་དང་ཅི་སྒོ་བ་ཐམས་ཅད་ཀྱི་ནང་ནས་ཚིག་གཅིག་ཀྱང་མ་འཕྲི་བར། ཡ་ཧོ་ཝཱའི་ཕོ་བྲང་དུ་བསྙེན་བཀུར་བྱེད་དུ་འོང་བའི་ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ལ་ཤོད་ཅིག  དེ་ནས་དེ་དག་གི་སྤྱོད་པ་ངན་པས་རྐྱེན་བྱས་ཏེ། ངས་དེ་དག་གི་དོན་དུ་དམིགས་ཡོད་པའི་རྐྱེན་ངན་གྱི་སླད་དུ་ང་ལ་འགྱོད་པ་འབྱུང་བའི་ཆེད་དུ། མི་ཐམས་ཅད་རང་གི་ལམ་ངན་པ་ལས་ལོག་ནས་ཉན་ལས་ཆེ།  ཁྱོད་ཀྱིས་དེ་དག་ལ་འདི་སྐད་སྦྲོན་པར་བྱ། ཡ་ཧོ་ཝཱས་འདི་སྐད་གསུང་། ངའི་ཞབས་ཏོག་པའི་ལུང་སྟོན་པ་རྣམས་ཀྱི་ཚིག་ལ་ཉན་དུ། ངས་དེ་དག་ཁྱོད་ཀྱི་དྲུང་དུ་མངགས།  སྔ་གསར་ཡང་བཞེངས་ནས་བརྫངས་ནའང་། ཁྱོད་ཚོས་མ་ཉན་ཏོ། ངས་ཁྱོད་ཅག་གི་མདུན་དུ་བཞག་ཡོད་པའི། ངའི་བཀའ་རྒྱའི་ནང་འགྲུལ་བ་ལ། ངའི་ཚིག་ལ་མི་ཉན་ན།  དེ་ནས་ངས་ཕོ་བྲང་འདི་ཤི་ལོ་དང་འདྲ་བར་བྱ་ཞིང་། གྲོང་ཁྱེར་འདི་ནི་ས་གཞིའི་མི་རིགས་ཡོད་དོ་ཅོག་གི་མདུན་དུ་གླུད་དུ་བྱའོ༎
 ཡེ་རེམ་ཡཱས་གསུང་འདི་དག་ཡ་ཧོ་ཝཱའི་ཕོ་བྲང་ནང་བཤད་པ་དེ་བླ་མ་རྣམས་དང་། ལུང་སྟོན་པ་དག་དང་། མི་སྡེ་ཚང་མས་ཐོས་སོ།  དེའི་འོག་ཏུ་བྱུང་བར་གྱུར་པ་ནི། མི་སྡེ་ཀུན་ལ་སྦྲོན་རྒྱུར་ཡ་ཧོ་ཝཱས་ཡེ་རེམ་ཡཱ་ལ་བསྒོ་བ་དག་བཤད་ཟིན་པ་དང་། བླ་མ་རྣམས་དང་། ལུང་སྟོན་པ་དག་དང་། མི་སྡེ་ཚང་མས་ཁོང་བཟུང་ནས། ཁྱོད་ཀྱི་སྲོག་གཅོད་པར་ངེས་ཏེ།  ཁྱོད་ཀྱིས་ཡ་ཧོ་ཝཱའི་མཚན་བརྗེད་ཅིང་ལུང་བསྟན་ཏེ། ཕོ་བྲང་འདི་ཤི་ལོ་ལྟར་གྱུར་ཞིང་། གྲོང་ཁྱེར་འདི་ནི་མི་གཅིག་ཀྱང་མི་གནས་པའི་ཡུལ་སྟོང་དུ་འགྱུར་འོང་ཞེས་ཅི་ལ་སྨྲས་པ་ཡིན། ཟེར་ཏེ། མི་སྡེ་ཚང་མ་ཡ་ཧོ་ཝཱའི་ཕོ་བྲང་དུ་ཡེ་རེམ་ཡཱའི་མདུན་དུ་ལྷགས་སོ། ༡༠ དེ་ནས་ཡ་ཧུ་དཱའི་སྐུ་དྲག་རྣམས་ཀྱིས་སྐད་ཆ་དེ་ཐོས་པ་ཙམ་གྱིས། རྒྱལ་པོའི་ཕོ་བྲང་ལས་ཡར་ཡ་ཧོ་ཝཱའི་ཕོ་བྲང་དུ་འོངས་ནས། ཡ་ཧོ་ཝཱའི་ཕོ་བྲང་གི་སང་སྒོ་གསར་པའི་སྒོ་ཁང་དུ་བསྡད་པ་ལས། ༡༡ བླ་མ་དང་ལུང་སྟོན་པ་རྣམས་ཀྱིས་སྐུ་དྲག་རྣམས་དང་། མི་སྡེ་ཚང་མ་ལ་འདི་སྐད་དུ། ཁྱེད་ཅག་རང་གི་རྣ་བས་ཐོས་པ་ལྟར། མི་འདིས་གྲོང་ཁྱེར་འདི་ལ་གནོད་པའི་ལུང་བསྟན་པས་ན། ཁོ་གསོད་པར་འོས་སོ། ཞེས་བྱས་པ་དང་།
༡༢ ཡེ་རེམ་ཡཱས་སྐུ་དྲག་ཀུན་དང་། མི་སྡེ་ཚང་མ་ལ་འདི་སྐད་དུ། ཕོ་བྲང་འདི་དང་། གྲོང་ཁྱེར་འདི་ལ་གནོད་པའི་གཏམ་ཁྱོད་ཅག་གི་ཐོས་པ་དེ་ཐམས་ཅད་ལུང་དུ་བསྟན་པར་ཡ་ཧོ་ཝཱས་ང་བརྫངས་སོ། ༡༣ དེའི་ཕྱིར་ད་ཁྱོད་ཅག་རང་གི་ལམ་དང་སྤྱོད་པ་རྣམས་ལ་བཟོ་བསྐྱོར་བྱོས་ཤིག ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་གསུང་སྐད་ལ་ཉོན་ཞིག་དང་། དེ་ནས་ཁོང་གིས་ཁྱོད་ཅག་གི་ཆེད་དུ་གསུངས་ཟིན་པའི་རྐྱེན་ངན་གྱི་ཕྱིར་ཐུགས་འགྱོད་མཛད་པར་འགྱུར་རོ། ༡༤ བདག་རང་ལ་ནི། ལྟོས་ཤིག ང་ཁྱོད་ཅག་གི་ལག་པར་ཡོད་པས། ཁྱོད་ཅག་གི་མིག་ལ་གང་ལེགས་པ་དང་རིགས་པ་གྱིས་ཤིག ༡༥ འོན་ཀྱང་ཇི་སྟེ་ཁྱོད་ཅག་གིས་ང་སྲོག་དང་འཕྲལ་ན། དེ་ནས་ཁྱོད་ཅག་རང་དང་། གྲོང་ཁྱེར་འདི་དང་། འདིའི་ནང་ན་གནས་པ་རྣམས་ཀྱིས། མི་ནོངས་མེད་པའི་ཁྲག་རང་གི་ཐོག་ཏུ་འདྲེན་པར་ངེས་པ་ནན་ཏན་རྟོགས་འཚལ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གི་རྣ་བར་ཚིག་འདི་ཐམས་ཅད་སྦྲོན་དུ་ཡ་ཧོ་ཝཱས་ང་སྩལ་པ་ནི་ངེས་ཚིག་གོ། ཞེས་སྨྲས་པ་དང་།
༡༦ སྐུ་དྲག་རྣམས་དང་། མི་སྡེ་ཐམས་ཅད་ཀྱིས་བླ་མ་དང་ལུང་སྟོན་པ་རྣམས་ལ། སྐྱེ་བོ་འདིས་བདག་ཅག་ལ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་མཚན་བརྗོད་ཅིང་ལུང་བསྟན་པས། ཁོང་གསོད་པར་མི་འོས་སོ། སྨྲས་པ་ལས། ༡༧ ཡུལ་གྱི་རྒན་པོ་ཁ་ཤས་ལངས་ནས་མི་སྡེའི་ཚོགས་ཀུན་ལ་གཏམ་བྱས་ཏེ་འདི་སྐད་དུ། ༡༨ དེའང་ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱའི་དུས་སུ། མོ་རེ་ཤེད་པ་མི་ཀཱས་ཡ་ཧུ་དཱའི་མི་སྡེ་ཚང་མར་འདི་སྐད་དུ། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཙི་ཨོན་ནི་ཞིང་ལྟར་སློག་ཅིང་། ཡེ་རུ་ཤ་ལེམ་ནི་ས་སྤུང་རྣམས་དང་། ཕོ་བྲང་འདིའི་རི་བོ་ནི་ནགས་ཚལ་གྱི་ཕུ་སྟོད་དང་འདྲ་བར་འགྱུར་འོང་ཞེས་ལུང་བསྟན་ཀྱང་། ༡༩ ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱ་དང་། ཡ་ཧུ་དཱ་པ་ཀུན་གྱིས་ཁོང་བསད་པར་བྱས་སམ། དེ་དཀོན་མཆོག་ལ་འཇིགས་ཏེ། ཡ་ཧོ་ཝཱར་བཅོལ་ཏེ། ཡ་ཧོ་ཝཱས་དེ་དག་ལ་གནོད་རྒྱུའི་རྐྱེན་ངན་བྱའོ་གསུངས་པ་ལ་ཐུགས་འགྱོད་མ་མཛད་དམ། འདི་ལུགས་སུ་ངེད་རང་གི་སེམས་ལ་ངན་པ་ཆེན་པོ་བྱེད་འོང་། ཞེས་སྨྲས་སོ༎
༢༠ ཡང་ཡེ་རེམ་ཡཱའི་གསུང་ཐམས་ཅད་དང་མཐུན་པར། གྲོང་ཁྱེར་འདི་དང་། ཡུལ་ཁམས་འདི་ལ་གནོད་པའི་ལུང་བསྟན་པའི་ཁིར་ཡད་ཡེ་ཨ་རིམ་པ་ཤེ་མ་ཡཱའི་བུ་ཨུ་རི་ཡཱ་བྱ་བའི་གཞན་སྐྱེས་བུ་ཞིག་གིས་ཀྱང་ཡ་ཧོ་ཝཱའི་མཚན་བརྗོད་ཅིང་ལུང་བསྟན་པ་ཡིན། ༢༡ ཡང་རྒྱལ་པོ་ཡོ་ཡཱ་ཀིམ་གྱིས་རང་གི་གྱད་པ་རྣམས་དང་། སྐུ་དྲག་རྣམས་ཀྱིས་དེའི་གསུང་ཐོས་ནས། རྒྱལ་པོས་དེ་གསོད་དུ་བསྙེགས་ཀྱིས། ཨུ་རི་ཡཱས་གཏམ་དེ་ཐོས་ནས་འཇིགས་ཏེ་བྲོས་ནས་མི་སེར་ཡུལ་དུ་སོང་བ་དང་། ༢༢ རྒྱལ་པོ་ཡོ་ཡཱ་ཀིམ་གྱིས་ཨག་པོར་གྱི་བུ་ཨེལ་ནཱ་ཐན་དང་བཅས་སུ་མི་ཁ་ཅིག་མི་སེར་ཡུལ་དུ་བཏང་སྟེ། ༢༣ དེ་དག་གིས་ཨུ་རི་ཡཱ་་མི་སེར་ཡུལ་ནས་བཟུང་སྟེ། རྒྱལ་པོ་ཡོ་ཡཱ་ཀིམ་གྱི་དྲུང་དུ་དྲངས་པ་དང་། དེས་རལ་གྲིས་ཁོང་བཀུམ་ནས་དེའི་སྤུར་དཀྱུས་མའི་དུར་སར་དབྱུགས་པ་ཡིན། ༢༤ འོན་ཀྱང་ཡེ་རེམ་ཡཱ་གསོད་དུ་མི་སྡེའི་ལག་པར་མི་གཏོད་པའི་དོན་དུ། ཤཱ་ཕན་གྱི་བུ་ཨ་ཧི་ཀམ་གྱི་ལག་པས་བསྐྱོར་ཏོ༎