༢༥
བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལོ་དང་པོའམ། ཡོ་ཤི་ཡཱའི་བུ་ཡོ་ཡཱ་ཀིམ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོའི་ལོ་བཞི་པར། ཡ་ཧུ་དཱའི་མི་སྡེ་ཡོད་དོ་ཅོག་གི་སྐོར་དུ། ཡེ་རེམ་ཡཱ་ལ་བྱུང་བའི་བཀའ་མཆིད་དེ་ནི། ༢ ལུང་སྟོན་པ་ཡེ་རེམ་ཡཱས་ཡ་ཧུ་དཱའི་མི་ཐམས་ཅད་དང་། ཡེ་རུ་ཤ་ལེམ་པ་ཀུན་ལ་སྦྲན་ནས་འདི་སྐད་དུ།༣ དེའང་ཨ་མོན་གྱི་སྲས་ཡོ་ཤི་ཡཱ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོའི་ལོ་བཅུ་གསུམ་པ་ནས། དེ་རིང་གི་བར་དུ་ལོ་ཉེར་སུམ་གྱི་རིང་དུ། བདག་ལ་ཡ་ཧོ་ཝཱའི་གསུང་བྱོན་ནས། ངས་ཁྱོད་ཅག་ལ་བཤད་དེ། སྔ་སར་ལངས་ནས་བཤད་ཀྱང་། ཁྱོད་ཅག་གིས་མ་ཉན་ཏོ། ༤ ཡང་ཡ་ཧོ་ཝཱས་ཉིད་ཀྱི་ཞབས་འདེགས་པའི་ལུང་སྟོན་པ་ཐམས་ཅད་ཁྱེད་ཚོའི་དྲུང་དུ་མངགས། སྔ་གསར་བཞེངས་ནས་མངགས་རུང་། ཁྱོད་རྣམས་ཉན་པར་ཡང་མ་བྱས། ཐོས་སུ་རྣ་བའང་མ་བཏུད་དོ། ༥ ཁོང་རྣམས་ཀྱིས་ཁྱོད་ཅག་ལ། ད་ཐམས་ཅད་རེ་རང་གི་ལམ་ངན་པ་དང་། རང་གི་སྤྱོད་ལུགས་ངན་པ་རྣམས་ལས་ལོག་ཤོག་ཅིག་དང་། ཡ་ཧོ་ཝཱས་ཁྱོད་དང་ཁྱོད་ཀྱི་ཕ་མེས་རྣམས་ལ་གཏན་འཇགས་སུ་གནང་ཡོད་པའི་ཡུལ་ཁམས་ཀྱི་ནང་དུ་གནས་པར་འགྱུར། ༦ རིམ་གྲོ་དང་བསྙེན་བཀུར་བྱེད་དུ་ལྷ་གཞན་རྣམས་ལ་མ་སྙེགས་ཤིག ཡང་རང་གི་ལག་པའི་བཟོ་ལས་ཀྱི་སྒོ་ནས་ངའི་ཐུགས་ཁྲོ་མ་དཀྲུགས་ཤིག་དང་། ངས་ཁྱོད་ཅག་ལ་གནོད་པ་གང་ཡང་མི་བྱའོ། ཞེས་གསུང་ངོ་བྱས་ཀྱང་། ༧ ཁྱོད་ཅག་རང་གི་ལག་པའི་བཟོ་ལས་ཀྱི་སྒོ་ནས་རང་ལ་གནོད་དུ་ཁོ་བོར་ཚིག་པ་ཟ་རུ་འཇུག་པའི་ཕྱིར་ཁྱོད་ཅག་གིས་ང་ལ་མ་ཉན་ཏོ། ཡ་ཧོ་ཝཱས་གསུང་ངོ་། ༨ དེ་བས་ན་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཅག་གིས་ངའི་བཀའ་རྣམས་ལ་མ་ཉན་པའི་རྐྱེན་གྱིས། ༩ ལྟོས་ཤིག བྱང་ཕྱོགས་ཀྱི་གྲོང་པ་ཐམས་ཅད་དང་། ཉིད་ཀྱི་བྲན་པོ་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་འཁྲིད་འོང་ཕྱིར་ངས་རྫོང་བརྡ་བྱའོ་ཞེས་ཡ་ཧོ་ཝཱས་གསུང་། ཡང་ངས་ཡུལ་འདི་དང་། འདིར་གནས་པ་རྣམས་དང་། འདིའི་མཐའ་འཁོར་དུ་ཡོད་པའི་མི་བརྒྱུད་རྣམས་ཀྱི་ཐོག་ཏུ་དེ་རྣམས་དྲངས་ཏེ། འདི་དག་རྩད་ནས་མེད་པར་བྱས་ཏེ། འདི་དག་ཧ་ལས་པ་དང་འོ་ཤོའི་གནས་དང་། གཏན་གྱི་ཕྱིར་སྟོངས་སུ་འཇུག་པར་བྱའོ། ༡༠ དེས་མ་ཟད་དེ། འདི་དག་གི་ནང་ནས་དགའ་མགུའི་སྐད་དང་། སེམས་སྤྲོའི་སྐད་དང་། བག་ཕོའི་སྐད་དང་། བག་མའི་སྐད་དང་། རང་འཐག་གི་སྐད་དང་། མར་མེའི་འོད་དང་བཅས་མེད་པར་བྱའོ། ༡༡ དེའང་ཡུལ་ཁམས་འདི་ཐམས་ཅད་སྟོངས་ཏེ། ཧ་ལས་པའི་གནས་སུ་འགྱུར་ཞིང་། མི་བརྒྱུད་འདི་དག་གིས་ལོ་བདུན་ཅུའི་བར་དུ་བཱ་བེལ་རྒྱལ་པོའི་གཡོག་བྱེད་པར་འགྱུར་རོ༎
༡༢ དེ་ནས་དེའི་རྗེས་སུ་འབྱུང་རྒྱུ་ནི། ཡ་ཧོ་ཝཱས་འདི་སྐད་གསུང་། ལོ་བདུན་ཅུ་རྫོགས་དུས་སུ་ངས་བཱ་བེལ་རྒྱལ་པོ་དང་། དེའི་མི་བརྒྱུད་དང་། ཀལ་དཱི་པའི་ཡུལ་ཁམས་ལ། དེ་རྣམས་ཀྱི་མི་དགེ་བའི་ཕྱིར་དུ་ཆད་པས་བཅད་དེ། ཡུལ་ཁམས་དེ་དུས་གཏན་གྱི་ཕྱིར་སྟོངས་སུ་གཞུག་གོ། ༡༣ དེ་ལ་གནོད་དུ་ངས་གསུངས་པའི་བཀའ་མཆིད་ཐམས་ཅད་ཡུལ་དེའི་ནང་དུ་སྒྲུབ་པར་བྱའོ། གང་ཡིན་ཞེ་ན། མི་བརྒྱུད་ཡོད་དོ་ཅོག་གི་ཆེད་དུ་ཡེ་རེམ་ཡཱས་ལུང་དུ་བསྟན་ཞིང་མདོ་འདིའི་ནང་དུ་བྲིས་པ་ཐམས་ཅད་དོ། ༡༤ དེ་ཅིའི་ཕྱིར་ཞེ་ན། མི་བརྒྱུད་དུ་མ་དང་། རྒྱལ་ཆེན་རྣམས་ཀྱིས་འདི་དག་ཀྱང་བྲན་དུ་འཁོལ་ཞིང་། ངས་དེ་དག་གི་སྤྱོད་པ་དང་ལག་པའི་ལས་རྣམས་ལ་འཁོ་བའི་ལན་འཇལ་བར་བྱའོ༎
༡༥ དེའང་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ང་ལ། ངའི་ལག་ནས་ཁྲོ་གཏུམ་གྱི་ཕོར་པ་འདི་བླངས་ཏེ། ངས་ཁྱོད་རྫོང་བའི་མི་བརྒྱུད་ཐམས་ཅད་ལ་འཐུང་དུ་ཆུག་ཅིག་དང་། ༡༦ དེ་དག་གིས་འཐུང་བ་ལས། ངས་དེ་དག་གི་དཀྱིལ་དུ་བཏང་བྱའི་རལ་གྲིས་རྐྱེན་ཏེ། ཕར་ཚུར་དུ་འགྲེ་ལྡོག་བྱེད་ཅིང་སྨྱོ་བར་འགྱུར་རོ་གསུང་བ་དང་།
༡༧ ངས་ཡ་ཧོ་ཝཱའི་ཕྱག་ལས་ཕོར་པ་དེ་བླངས་ཏེ། ཡ་ཧོ་ཝཱས་ང་བརྫངས་པའི་མི་བརྒྱུད་ཐམས་ཅད་ལ་འཐུང་དུ་བཅུག་པ་ཡིན། ༡༨ མིང་གསལ་གྱིས་ཟེར་ན། ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། རྒྱལ་པོ་རྣམས་དང་། དེའི་སྐུ་དྲག་རྣམས་སོ། དེ་དག་སྟོངས་པ་དང་། ཧ་ལས་རྒྱུ་དང་། འོ་ཤོའི་གནས་དང་། གླུད་དུ་འགྱུར་བའི་ཕྱིར་རོ། དེ་ལྟར་དེ་རིང་གི་ཉིན་མོར་ཡང་ཡོད་དོ། ༡༩ མི་སེར་རྒྱལ་པོ་ཕར་ཨོ་དང་། དེའི་འཁོར་དང་། སྐུ་དྲག་དང་། དེའི་མི་སྡེ་ཐམས་ཅད་དང་། ༢༠ མི་སྡེ་འདྲེས་མ་ཐམས་ཅད་དང་། ཨུས་ཡུལ་གྱི་རྒྱལ་པོ་ཀུན་དང་། ཕེ་ལེ་ཤེད་པའི་ཡུལ་གྱི་རྒྱལ་པོ་མཐའ་དག་དང་། ཨས་ཀ་ལོན་དང་། ག་ཟཱ་དང་། ཨེག་རོན་དང་། ཨས་དོད་ཀྱི་ཕྱི་ལུས་དང་། ༢༡ ཨེ་དོམ་དང་། མོ་ཨབ་དང་། ཨམ་མོན་གྱི་བུ་བརྒྱུད་དང་། ༢༢ ཚོར་གྱི་རྒྱལ་པོ་ཡོད་དོ་ཅོག་དང་། ཚི་དོན་གྱི་རྒྱལ་པོ་ཐམས་ཅད་དང་། རྒྱ་མཚོའི་ཕ་རོལ་གྱི་འགྲམ་རྣམས་ཀྱི་རྒྱལ་པོ་དང་། ༢༣ དེ་དཱན་དང་། ཐེ་མཱ་དང་། བུས་དང་། སྐྲའི་ཟུར་ནས་བཀྲུམ་མཁན་ཐམས་ཅད་དང་། ༢༤ ཨ་རཱབ་ཀྱི་རྒྱལ་པོ་ཐམས་ཅད་དང་། འབྲོག་སྟོང་ན་གནས་པའི་མི་རིགས་འདྲེས་མའི་རྒྱལ་པོ་ཐམས་ཅད་དང་། ༢༥ ཟིམ་རིའི་རྒྱལ་པོ་ཐམས་ཅད་དང་། ཨེ་ལམ་གྱི་རྒྱལ་པོ་ཐམས་ཅད་དང་། མ་དཱ་ཨིའི་རྒྱལ་པོ་ཀུན་དང་། ༢༦ བྱང་ཕྱོགས་ཀྱི་རྒྱལ་པོ་མཐའ་དག་རྒྱང་རིང་ཐུང་གཉིས་པོ་ལྷན་ཅིག་ཏུ་དང་། སའི་ངོས་ལ་ཡོད་པའི་འཇིག་རྟེན་གྱི་རྒྱལ་ཁམས་ཡོད་དོ་ཅོག་དང་། དེ་དག་གི་རྗེས་སུ་ཤེ་ཤཱག་གི་རྒྱལ་པོས་དེ་འཐུང་བར་དགོས་སོ། ༢༧ དེའི་ཕྱིར་ཁྱོད་ཀྱིས་དེ་དག་ལ་འདི་སྐད་ཟེར་ཞིག དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ངས་ཁྱོད་ཀྱི་དཀྱིལ་དུ་རལ་གྲི་རྫོང་བར་བྱ་བས་ན། འཐུང་ཞིག བཟིས་ཤིག སྐྱུགས་ཤིག འགྱེལ་ཞིག ཡང་མ་ལངས་ཤིག ༢༨ ཡང་གལ་ཏེ་དེ་དག་གིས་ཁྱོད་ཀྱི་ལག་པ་ལས་འཐུང་དུ་ཕོར་པ་མི་ལེན་ཟེར་ན། དེ་ནས་ཁྱོད་ཀྱིས་དེ་དག་ལ། ཁྱོད་ཅག་གིས་དེ་ཅི་ནས་ཀྱང་འཐུང་དགོས། ཞེས་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་གསུང་ངོ་ཟེར་ཞིག ༢༩ དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཧོ། ངའི་མཚན་གྱིས་བརྗོད་པའི་གྲོང་ཁྱེར་གྱི་སྟེང་དུ་རྐྱེན་ངན་འབེབས་པར་གཟས་པས་ན། ཁྱོད་ཅག་ལ་ཆད་པ་མ་འཕོག་པར་ཤུད་འབུད་འགྲོའམ། ཆད་པ་མ་འཕོག་པར་མི་འབུད། གང་ལ་ཞེ་ན། ངས་ས་གཞིར་ཡོད་པའི་མི་ཀུན་གྱི་ཐོག་ཏུ་རལ་གྲི་ལ་འབོད་པར་བྱའོ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎
༣༠ དེའི་ཕྱིར་ཁྱོད་ཀྱིས་དེ་དག་གི་མདུན་དུ་གཏམ་འདི་ཐམས་ཅད་ལུང་དུ་སྟོན་ཞིང་འདི་སྐད་གྱིས་ཤིག ཡ་ཧོ་ཝཱས་མཐོ་ས་ནས་ང་རོ་འདོན་ཞིང་། བཞུགས་གནས་དམ་པ་ནས་གསུང་སྐད་འདོན་ཞིང་། ཉིད་ཀྱི་ལུག་རའི་ཐོག་ཏུ་གསུང་སྐད་དྲག་པོ་འདོན་ཏེ། རྒུན་འབྲུམ་རྫི་མཁན་དག་དང་འདྲ་བར་ས་ལ་གནས་པ་ཡོད་དོ་ཅོག་གི་ཐོག་ཏུ་འུར་སྒྲ་འདོན་པར་འགྱུར་རོ། ༣༡ ཡ་ཧོ་ཝཱར་མི་བརྒྱུད་རྣམས་དང་འཁྲབ་གླེང་ཞིག་ཡོད་དེ། ཤ་ཐམས་ཅད་ཀྱི་གཤགས་མཛད་འོང་བས། ས་མཐའི་བར་དུ་ཡང་ཀུ་སྒྲ་ཞིག་སླེབ་པར་འགྱུར། ངན་པ་རྣམས་ཁོང་གིས་རལ་གྲིར་གཏད་དོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༣༢ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། མི་རིགས་ནས་མི་རིགས་ནང་རྐྱེན་ངན་འགྲོ་ཞིང་ས་མཐའ་ལས་བསྐོར་རླུང་ཆེན་པོ་ཞིག་སློང་བར་འགྱུར། ༣༣ ཡང་ཉིན་མོ་དེར་ཡ་ཧོ་ཝཱས་བསད་པར་མཛད་པ་ནི་ས་གཞིའི་མཐའ་མ་ནས་མཐའ་མའི་བར་དུ་ཡོད་པར་འགྱུར་གྱིས། སུས་ཀྱང་དེ་དག་གི་ཕྱིར་མྱ་ངན་མི་བྱ། སྡུད་པའམ་སྐུང་བར་ཡང་མི་བྱའི། སའི་ལུད་དུ་འགྱུར་བར་འགྱུར་རོ༎
༣༤ ཁྱེད་རྫི་བོ་དག འོ་དོད་དང་ང་རོ་ཐོང་ཞིག ཁྱོད་ལུག་ཁྱུའི་ལེགས་ཤོས་དག་གོག་ཐལ་ནང་འགྲེ་ལྡོག་ཐོང་ཞིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་གསོད་པའི་ཞག་དང་། ཁྱོད་ཁྲེ་གཏོར་ཡན་པའི་ཞག་ལ་བབས་པས། ཁྱོད་ཅག་སྣོད་སྤྱད་སྙིང་སྡུག་ལྟར་ལྟུང་བར་འགྱུར། ༣༥ དེ་ནས་རྫི་བོ་རྣམས་ལ་འབྲོས་པའི་ལམ་དང་། ལུག་ཁྱུའི་ལེགས་ཤོས་དག་ལ་ཐར་ས་རྙེད་པར་མི་འགྱུར། ༣༦ ཡ་ཧོ་ཝཱས་དེ་དག་གི་རྩྭ་ཁ་མེད་པར་མཛད་པའི་ཐབས་ཀྱིས། རྫི་བོ་ངག་གི་ངུ་སྐད་དང་། ཁྱུའི་ལེགས་ཤོས་དག་གི་ཆོ་ངེས་ལྷང་སེ་ལྷང་། ༣༧ ཡ་ཧོ་ཝཱའི་ཐུགས་ཁྲོ་དྲག་པོའི་རྐྱེན་གྱིས། ལུག་ར་ཞི་བདེ་ཅན་རྣམས་ཀྱི་སྐད་མེད་པར་བྱས། ༣༨ སེང་གེ་ལྟར་རང་གི་ཡིབ་གནས་དེ་བོར་ནས་སོང་། གང་ལ་ཞེ་ན། དབང་ཆོས་བྱེད་པའི་དྲག་ཤུགས་དང་། ཁོང་གི་ཁྲོ་གཏུམ་དྲག་པོའི་རྐྱེན་གྱིས། དེ་དག་གི་ཡུལ་ཁམས་དེ་སྟོངས་སར་འགྱུར་གྱིན་གདའོ༎