༢༤
བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱི་བུ་ཡེ་ཀོན་ཡཱ་དང་། ཡ་ཧུ་དཱའི་སྐུ་དྲག་དང་། ཤིང་བཟོ་པ་དང་། མགར་བ་རྣམས་དང་བཅས་བཙོན་དུ་བཟུང་ནས། ཡེ་རུ་ཤ་ལེམ་ནས་བཱ་བེལ་དུ་འཁྱེར་བའི་འོག་ཏུ། ཡ་ཧོ་ཝཱས་བདག་ལ་མངོན་དུ་མཛད་པ་ནི། ཀྱེ་ཧོ། ཡ་ཧོ་ཝཱའི་མཆོད་ཁང་གི་མདུན་དུ་སེ་ཡབ་ཙེལ་པོ་གཉིས། བཞག་ཡོད་དེ།  ཙེལ་པོ་གཅིག་གི་ནང་ན་མགོ་ཚོས་ལྟ་བུའི་སེ་ཡབ་རབ་ཏུ་བཟང་པོ་དང་། ཙེལ་པོ་གཞན་དེའི་ནང་ན་ཐུ་བ་ཡིན་སྟབས་ཀྱིས་ཟར་མི་ཐུབ་པའི་སེ་ཡབ་ཐུ་ཤོས་རྣམས་ཡོད་པ་ལས།  ཡ་ཧོ་ཝཱས་ང་ལ། ཡེ་རེམ་ཡཱ། ཁྱོད་ཀྱིས་ཅི་མཐོང་འདུག ཞེས་གསུངས་པ་དང་ངས། སེ་ཡབ། སེ་ཡབ་བཟང་པོ་ནི་རབ་ཏུ་བཟང་པོ་དང་། ཐུ་བ་ནི་རབ་ཏུ་ཐུ་བ་དང་། ངན་པ་ཡིན་སྟབས་ཀྱིས་ཟ་བར་མི་ཐུབ་པ་རྣམས་འདུག ཅེས་གསོལ་བ་ཡིན།
 ཡང་ཡ་ཧོ་ཝཱའི་གསུང་བྱོན་ཏེ་བདག་ལ་འདི་སྐད་གསུང་།  ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། སེ་ཡབ་བཟང་པོ་འདི་དག་ཁོ་ན་བཞིན། ངས་འདི་ནས་ཀལ་དཱི་པའི་ཡུལ་དུ། དེ་དག་ལེགས་པའི་དོན་དུ་བཏང་བའི་ཡ་ཧུ་དཱའི་བཙོན་པ་རྣམས་རྩི་བར་བྱ་བས་ན།  ངས་དེ་དག་གི་ཕན་དོན་ལ་གཟིགས་ཤིང་། སླར་ཡུལ་འདིར་ཕྱིར་ལོག་འདྲེན་ཞིང་། ངས་དེ་དག་བཞེང་བར་བྱའི། རློག་པར་མི་བྱ། ངས་དེ་དག་འཛུག་གི། འབོགས་པར་མི་བྱའོ།  ཡང་ང་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་ནུས་པའི་སྙིང་ཞིག་ངས་དེ་དག་ལ་བསྟེར་ནས། དེ་རྣམས་ངའི་མི་སྡེ་དང་། ང་ནི་དེ་དག་གི་དཀོན་མཆོག་ཏུ་འགྱུར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་དག་ངའི་ཕྱོགས་སུ་སྙིང་ཚང་མ་ནས་ཕྱིར་ལོག་འོང་བར་འགྱུར་བའི་ཕྱིར་རོ༎
 དེའང་སེ་ཡབ་ཐུ་བ་དེ་ངན་པའི་སྟབས་ཀྱིས་ཟར་ཡང་མི་ཐུབ་པ་ལ་བརྟེན་ནས། ཡ་ཧོ་ཝཱས་ངོ་ཐོག་འདི་སྐད་གསུང་། འདི་ཀ་བཞིན་ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་དང་། སྐུ་དྲག་དང་། ཡེ་རུ་ཤ་ལེམ་གྱི་ཕྱི་ལུས་ཡུལ་འདིར་ལུས་པ་དང་། མི་སེར་ཡུལ་ནང་གཞིས་ཕབ་པ་རྣམས་ལ་སྟེར་བར་བྱའོ།  དེས་མ་ཟད་པར། ངས་དེ་དག་གང་དང་གང་དུ་བསྐྲད་བྱའི་གནས་ཀུན་ཏུ། དེ་དག་ནི་སྨོད་ཟོར་དང་། ཁ་དཔེ་དང་། ཚིག་ངན་དང་། རྔན་འདེབས་པའི་རྒྱུར་འགྱུར་བའི་ཕྱིར་དུ། ས་གཞིའི་རྒྱལ་ཁམས་ཐམས་ཅད་ཀྱི་ནང་དུ་འདེད་པ་དང་། རྐྱེན་ངན་གྱི་ཕྱིར་སྐྲོད་པར་བྱ་སྟེ། ༡༠ ངས་དེ་དག་དང་དེ་དག་གི་ཕ་མེས་ལ་བཏང་བའི་ཡུལ་ཁམས་ཀྱི་ནང་ནས་དེ་དག་ཚར་མ་གཅོད་པའི་བར་དུ། དེ་དག་གི་དཀྱིལ་དུ་རལ་གྲི་དང་། མུ་གེ་དང་། རིམས་ནད་གཏོང་བར་བྱའོ༎