༢༣
ངའི་རྩྭ་ཁའི་ལུག་རྣམས་བཤིག་ནས་ཁྲེ་གཏོར་བྱེད་པའི་རྫི་བོ་དག་བཀྲ་མི་ཤིས། ཞེས་ཡ་ཧོ་ཝཱས་གསུང་། ༢ དེ་བས་ན་ཁོང་གི་མི་སྡེ་འཚོ་བར་བྱེད་པའི་རྫི་བོའི་ཆེད་དུ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱིས་ངའི་ལུག་ཁྱུ་ཁ་འཐོར་དུ་བཏང་སྟེ། འབྱེར་བར་བྱས་ནས། དེ་དག་ལ་མ་ལྟས་པས་ན། ཀྱེ་ཧོ། ངས་ཁྱོད་ཅག་གི་སྤྱོད་པའི་མི་རིགས་པ་དེ་རང་ཁྱོད་ཅག་གི་ཁར་དབབ་བོ། ཞེས་ཡ་ཧོ་ཝཱས་གསུང་། ༣ ཡང་ངའི་ཁྱུའི་ལྷག་ལུས་དེ། ངས་གང་དང་གང་དུ་དེད་པའི་ཡུལ་ཀུན་ནས་བསྡུས་ཏེ། སླར་ཡང་དེ་དག་རང་གི་ལུག་ར་རྣམས་སུ་འཁྲིད་པར་བྱ་སྟེ། བརྒྱུད་མཐའ་རྒྱས་ཤིང་འཕེལ་བར་འགྱུར། ༤ ཡང་ངས་དེ་རྣམས་འཚོ་བའི་རྫི་བོ་རྣམས་བསྐོ་ཞིང་། སླར་དེ་དག་འཇིགས་པའམ་དངང་མི་སྐྲག་པར། སྟོར་བར་ཡང་མི་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎༥ ཀྱེ་ཧོ། ངས་དཱ་བིད་ཀྱི་དོན་དུ་དྲང་བ་ཉིད་ཀྱི་ལྕུ་གུ་ཞིག་སྐྱེད་པར་བྱ་བ་དང་། དེས་རྒྱལ་པོའི་ཚུལ་གྱིས་རྒྱལ་སྲིད་སྐྱོང་ཞིང་། མཁས་པར་སྤྱོད་དེ། ས་གཞི་ནང་གཤགས་དང་ཞལ་ཆེ་དྲང་པོར་སྤྱོད་པའི་ཉིན་མོ་དེ་འབྱུང་བ་ལ་ཉེའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༦ ཁོང་གི་སྐུ་རིང་དུ་ཡ་ཧུ་དཱ་ཐར་ཏེ། ཨིས་ར་ཨེལ་ཉེ་ཞོ་མེད་པར་གནས་ཏེ། ཡ་ཧོ་ཝཱ་ངེད་ཀྱི་དྲང་བ་ཉིད། ཅེས་ཁོང་ལ་མཚན་གསོལ་བར་འགྱུར་རོ། ༧ དེ་བས་ན་ཀྱེ་ཧོ། ཨིས་ར་ཨེལ་གྱི་བུ་བརྒྱུད་མི་སེར་ཡུལ་ནས་བཏོན་པར་མཛད་པའི་ཡ་ཧོ་ཝཱ་གསོན་པོའོ། ཞེས་མི་ཟེར་གྱི། ༨ བྱང་གི་ཡུལ་དང་། ངས་དེ་དག་དེད་པའི་ཡུལ་མཐའ་དག་ལས་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་བརྒྱུད་འཛིན་ཡར་དྲངས་ཤིང་ཁྲིད་པའི་ཡ་ཧོ་ཝཱ་ནི་གསོན་པོ་ལགས་སོ། ཞེས་བརྗོད་པའི་ཉིན་མོ་རྣམས་ལ་འབབ་ཀྱིན་གདའོ། ཞེས་ཡ་ཧོ་ཝཱས་གསུང་། དེ་ནས་དེ་དག་རང་ཡུལ་དུ་གནས་པར་འགྱུར་རོ༎
༩ ལུང་སྟོན་པ་དག་གི་ཆེད་དུ། ངའི་ཁོག་ནང་ངའི་སྙིང་ནི་ཆག ངའི་རུས་པ་ཐམས་ཅད་ནི་འདར། ཡ་ཧོ་ཝཱའི་དོན་དུ་དང་། ཁོང་གི་དམ་པ་ཉིད་ཀྱི་གསུང་རྣམས་ཀྱིས་རྐྱེན་ཏེ་ང་ནི་རས་བཟིས་པའི་མི་དང་། རྒུན་ཆང་གིས་ཕམ་པར་གྱུར་པའི་མི་དང་འདྲའོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཡུལ་ཁམས་གཡེམ་པོས་ཁེངས། དམོད་པ་ཕོག་པས་སས་མྱ་ངན་བྱེད། ཐང་གི་རྩྭ་ཁ་རྣམས་ཀྱང་སྐམས་སོ། ཅི་ལ་ཞེ་ན། དེ་དག་གི་རྒྱུག་ལུགས་ནི་ངན་པ་དང་། ཤུགས་ནི་མི་རིགས་པ་ཡིན། ༡༡ དེ་ཅིའི་ཕྱིར་ཞེ་ན། ལུང་སྟོན་པ་དང་བླ་མ་གཉིས་པོར་གྲིབ་ཕོག འོ་ན། ངའི་ཕོ་བྲང་གི་ནང་དུའང་དེ་དག་གི་ངན་པ་ཁོ་ན་ང་ལ་ཐོབ་བོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༢ དེའི་རྐྱེན་གྱིས། དེ་དག་གི་ལམ་ནི་སྨག་རུམ་ནང་འདྲེད་སའི་ས་ཆ་ལྟར་འགྱུར་ཏེ། དེ་དག་འདེད་པ་དང་། དེར་ལྟུང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་ཞིབ་དཔྱོད་བྱེད་པའི་ལོ་ནང་ངས་དེ་དག་གི་ཐོག་ཏུ་རྐྱེན་ངན་འདྲེན་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༣ ཡང་ངས་ས་མར་ཡཱའི་ལུང་སྟོན་པ་དག་གི་ནང་ན་གཏི་མུག་ཁོ་ན་མཐོང་བ་ཡིན། དེ་དག་གིས་བ་ཨཱལ་གྱི་མིང་ནང་ལུང་བསྟན་ཏེ། ངའི་མི་སྡེ་ཨིས་ར་ཨེལ་གོལ་དུ་བཅུག ༡༤ ཡེ་རུ་ཤ་ལེམ་གྱི་ལུང་སྟོན་པ་དག་གི་ནང་དུའང་ངས་འཇིགས་སུ་རུང་བ་ཞིག་མཐོང་བ་ཡིན། དེ་དག་ལོག་པར་གཡེམ་ཞིང་རྫུན་གྱི་ནང་དུ་འགྲུལ། དེ་དག་སུའང་རང་གི་ངན་པ་ལས་མི་སྒྱུར་བར། སྡིག་སྤྱོད་རྣམས་ལ་ལག་གཤེད་འཇུག་པས། དེ་ཐམས་ཅད་ངའི་དྲུང་དུ་སོ་དོམ་དང་དེའི་མི་རྣམས་གོ་མོ་རཱ་དང་འདྲའོ། ༡༥ དེ་བས་ན་དཔུང་ཆེན་གྱི་ཡ་ཧོ་ཝཱས་ལུང་སྟོན་པ་དག་གི་སྐོར་ལ་འདི་སྐད་གསུང་། ཡེ་རུ་ཤ་ལེམ་གྱི་ལུང་སྟོན་པ་རྣམས་ཀྱིས་རྐྱེན་ཏེ། ཡུལ་ཀུན་ཏུ་ཆོས་མ་ཡིན་པ་དེ་དར་བྱུང་བས། ཀྱེ་ཧོ། ངས་དེ་དག་ལ་ཟས་སུ་ཁན་པ་དང་། བཏུང་དུ་དུག་ཆུ་སྟེར་བར་བྱའོ༎
༡༦ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཚོར་ལུང་བསྟན་པའི་ལུང་སྟོན་པ་རྣམས་ཀྱི་གཏམ་ལ་མ་ཉན་ཞིག དེ་དག་གིས་ཁྱོད་འཚོལ་དུ་འཇུག་ཅིང་། ཡ་ཧོ་ཝཱའི་ཞལ་ནས་འབྱུང་བའི་བཀའ་མ་ཡིན་པའི་རང་གི་སྙིང་གི་རྨི་ལམ་ཁྱོད་ཅག་ལ་འཆད་པར་བྱེད། ༡༧ ཆད་མེད་དུ་དེ་དག་གིས་ང་ལ་ཁྱད་དུ་སོད་པ་རྣམས་ལ། ཡ་ཧོ་ཝཱས་ཁྱོད་ཅག་ཞི་བདེ་བར་འགྱུར་རོ་གསུངས་སོ་ཟེར། ཡང་རང་གི་སྙིང་གྱོང་པོའི་ཕྱི་བཞིན་འབྲང་བ་དག་ལ། ཁྱོད་ཚོར་བར་ཆད་ཅིའང་འབྱུང་བར་མི་འགྱུར་རོ་ཟེར། ༡༨ ཁོང་གི་གསུང་རིག་ཅིང་ཉན་པའི་ཕྱིར་དུ། ཡ་ཧོ་ཝཱའི་གསུང་གྲོས་ནང་སུ་ཡོད་པ་ཡིན། སུས་ཁོང་གི་བཀའ་མཆིད་དེ་ཚད་དུ་བཟུང་ནས་ཉན་པ་ཡིན། ༡༩ ཀྱེ་ཧོ། ཡ་ཧོ་ཝཱའི་ནང་ནས་ཁྲོ་གཏུམ་གྱི་རླུང་དམར་རམ། འོ་ན། སྐོར་རླུང་དྲག་པོ་ཞིག་ཐོན་ཏེ། སྡིག་སྤྱོད་ཀྱི་མགོར་འབབ་པར་འགྱུར། ༢༠ ཁོང་གི་ཐུགས་ཀྱི་དགོངས་པ་རྣམས་བསྒྲུབ་སྟེ། མཐར་མ་བསྐྱེལ་བའི་བར་དུ། ཡ་ཧོ་ཝཱའི་ཐུགས་ཁྲོ་དེ་ཞི་བར་མི་འགྱུར། མ་འོངས་པའི་དུས་སུ་ཁྱོད་ཅག་གིས་དེ་ཅི་ཡིན་ཁྲིག་གོ་བར་འགྱུར་རོ། ༢༡ ངས་ལུང་སྟོན་པ་འདི་དག་མ་མངགས་ཀྱང་དེ་རྣམས་བརྒྱུགས། ངས་མ་བསྒོ་ཡང་དེ་རྣམས་ཀྱིས་ལུང་བསྟན། ༢༢ ཇི་སྟེ་དེ་རྣམས་ངའི་གྲོས་ནང་ཡོད་པ་ཡིན་ན། དེ་ནས་ངའི་བཀའ་མཆིད་རྣམས་ངའི་མི་སྡེ་ལ་འཆད་ཅིང་། དེ་དག་གི་ངན་པའི་ལས་དང་། ངན་པའི་ལས་རྣམས་ལས་དེ་དག་བཟློགས་པ་ཡིན།
༢༣ ང་ནི་ཐག་ཉེ་བའི་དཀོན་མཆོག་ཡིན་ནམ། རྒྱང་རིང་གི་དཀོན་མཆོག་མ་ཡིན་ནམ། ཞེས་ཡ་ཧོ་ཝཱས་གསུང་། ༢༤ ངས་མི་མཐོང་དུ་མི་སུའང་གསང་བའི་གནས་སུ་ཡིབ་ནུས་སམ། ཞེས་ཡ་ཧོ་ཝཱས་གསུང་། གནམ་ས་གཉིས་པོ་ངས་མི་ཁྱབ་བམ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༥ ལུང་སྟོན་པ་ཚོས་ངའི་མིང་འཁུར་ཏེ་རྫུན་གྱི་ལུང་སྟོན་ཞིང་། ངས་རྨིས། ངས་རྨིས་ཟེར་བ་ངས་ཐོས་བྱུང་། ༢༦ རྫུན་གྱི་ལུང་བསྟན་རྣམས་ལུང་སྟོན་པ་དག་གི་སྙིང་ན་ནམ་གྱི་བར་དུ་ལུས་པར་འགྱུར། འོ་ན། དེ་དག་གིས་རང་གི་སྙིང་གི་ཟོལ་ཟོག་ལུང་དུ་སྟོན་པ་རྣམས་ཡིན། ༢༧ བ་ཨཱལ་གྱི་ཕྱིར་དེ་དག་གི་ཕ་མེས་རྣམས་ཀྱིས་ངའི་མཚན་དེ་བརྗེད་པ་ལྟར། དེ་དག་གི་ནང་ནས་མི་རེ་ཡིས་རང་གི་ཁྱིམ་མཚེས་ལ་བཤད་པའི་རྨི་ལམ་གྱིས་རྐྱེན་ཏེ། ངའི་མི་སྡེ་ལ་ངའི་མཚན་དེ་རྗེད་དུ་འཇུག་པར་བྱའོ། ཞེས་དེ་དག་གིས་སེམས་སོ། ༢༨ གང་ལུང་སྟོན་པར་རྨི་ལམ་འཆད་རྒྱུ་ཡོད་ན། རྨི་ལམ་ཤོད་དང་། གང་ལ་ངའི་བཀའ་མཆིད་ཡོད་ན། བློ་དྲང་པོས་ངའི་བཀའ་མཆིད་དེ་ཤོད་ཅིག གྲོའི་མདུན་དུ་ཕུབ་མ་ཅི། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༩ ངའི་བཀའ་དེ་མེ་ཁོ་ན་ཉིད་དང་མི་འདྲའམ། ཡང་ན་བྲག་སིལ་བུར་གཅོག་པའི་ཐོ་བ་དང་མི་འདྲའམ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༣༠ དེའི་ཕྱིར། ཀྱེ་ཧོ། རང་གི་ཁྱིམ་མཚེས་ལས་ངའི་གསུང་རྐུ་བའི་ལུང་སྟོན་པ་ཚང་མ་ལ་ཁོ་བོས་སྡང་ངོ་། ཞེས་ཡ་ཧོ་ཝཱས་གསུང་། ༣༡ ལྕེ་བཀོལ་ཏེ། ཁོང་གིས་གསུང་ངོ་། ཞེས་ཟེར་བའི་ལུང་སྟོན་པ་དག་ལ་ཁོ་བོས་སྡང་ངོ་། ཡ་ཧོ་ཝཱས་གསུང་། ༣༢ ཀྱེ་ཧོ། རྫུན་གྱི་རྨི་ལམ་གྱི་ལུང་རྣམས་བསྟན་ཞིང་། དེ་དག་བཤད་པ་དང་། རང་གི་རྫུན་ཚིག་དང་། ཡུས་ཀྱིས་ངའི་མི་སྡེ་གོལ་སར་འཁྲིད་པའི་རྫུན་གྱི་རྨི་ལམ་བཤད་མཁན་དག་ལ་ཁོ་བོས་སྡང་ངོ་། འོན་ཀྱང་ངས་དེ་དག་བཏང་བའང་མིན། བཀའང་མ་བསྒོ་བས་ན། འདི་ཚོས་མི་སྡེ་ལ་རྩ་བ་ནས་ཕན་མི་གདགས་སོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༣༣ མི་སྡེ་འདིའམ། ལུང་སྟོན་པའམ། བླ་མས་ཁྱོད་ལ། ཡ་ཧོ་ཝཱའི་ཁལ་དེ་ཅི་ལགས། ཞེས་འདྲི་དུས་སུ། ཁྱོད་ཀྱིས་དེ་དག་ལ། ཁལ་ནི་ཅི་ལ་ཟེར། ངས་ཁྱོད་སྤང་བར་བྱའོ་ཡ་ཧོ་ཝཱས་གསུང་ངོ་སྦྲོན་པར་བྱོས། ༣༤ ཡང་ལུང་སྟོན་པའམ། བླ་མའམ། མི་སྡེའི་ནང་ནས་སུས་ཀྱང་ཡ་ཧོ་ཝཱའི་ཁལ་ཅི་ལགས་ཞེས་འདྲི་ན། ངས་མི་དེ་དང་དེའི་ཕ་སྤད་ལ་ཆད་པས་གཅད་དོ། ༣༥ རེ་རེ་ཡིས་རང་གི་ཁྱིམ་མཚེས་དང་སྤུན་ལ། ཡ་ཧོ་ཝཱས་བཀའ་ལན་ཅི་གནང་། ཡ་ཧོ་ཝཱས་ཅི་གསུངས། ཞེས་དྲིས་ཤིག ༣༦ མི་རེ་ལ་དེ་རང་གི་གཏམ་དེ་ཁལ་དུ་འགྱུར་འོང་བས། དེ་ཚུན་ཆད་ཁྱོད་རྣམས་ཀྱིས་ཡ་ཧོ་ཝཱའི་ཁལ་ཟེར་བར་མ་བྱེད། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཅག་གིས་དཀོན་མཆོག་གསོན་པོ་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་བཀའ་མཆིད་རྣམས་བཤིག་པ་ཡིན། ༣༧ ཁྱོད་ཀྱིས་ལུང་སྟོན་པར། ཡ་ཧོ་ཝཱས་བཀའ་ལན་ཅི་གནང་། ཡང་ན་ཡ་ཧོ་ཝཱས་ཅི་གསུངས། ཞེས་འདྲི་ཡང་། ༣༨ ཁྱོད་ཅག་རང་གིས་ཡ་ཧོ་ཝཱའི་ཁལ་ཅི་ལགས་ཞེས་འདྲི་བས་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཡ་ཧོ་ཝཱའི་ཁལ་མ་ཟེར་ཞིག ཅེས་ངས་ཁྱོད་ཅག་ལ་འཕྲིན་སྤྲད་པའི་སྟེང་དུའང་ཡ་ཧོ་ཝཱའི་ཁལ་ཞེས་པའི་ཚིག་གླེང་བས་ན། ༣༩ དེའི་ཕྱིར་ད་ལྟོས་ཤིག ང་ཉིད་ཀྱིས་ཁྱོད་ཡོངས་སུ་བརྗེད་དེ། ངས་ཁྱོད་ཅག་དང་ཁྱོད་ཀྱི་ཕ་མེས་ལ་བསྟེར་བའི་གྲོང་ཁྱེར་འདི་ངའི་སྤྱན་སྔ་ནས་དབྱུག་པར་བྱ་སྟེ། ༤༠ ངས་ཁྱོད་ཅག་གི་ཐོག་ཏུ་གཏན་གྱི་སྨོད་ཟོར་དང་། ནམ་དུའང་མི་བརྗེད་པའི་གཏན་གྱི་ངོ་ཚ་བ་ཞིག་འབེབས་པར་བྱའོ༎