༢༢
ཡ་ཧོ་ཝཱས་འདི་སྐད་གསུངས། ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་དུ་མར་སོང་ནས་འདི་སྐད་སྦྲོན་ཞིག ༢ ཀྱེ་དཱ་བིད་ཀྱི་ཁྲིར་འཁོད་པའི་ཡ་ཧུ་དཱའི་རྒྱལ་པོ་ཁྱེད་དང་། ཁྱེད་ཀྱི་འཁོར་གཡོག་དང་རྒྱ་སྒོ་འདི་དག་ལས་ནང་དུ་འཇུག་པའི་མི་སྡེ་དང་བཅས་པས་ཡ་ཧོ་ཝཱའི་བཀའ་ལ་རྣ་བ་ཐོད་ཅིག ༣ ཡ་ཧོ་ཝཱས་འདི་སྐད་གསུང་། གཤགས་དྲང་པོ་དང་དྲང་བ་ཉིད་ལ་སྤྱོད་ཅིང་། དབང་ཆོས་བྱེད་པའི་ལག་ནས་བཅོམ་པར་གྱུར་པ་དེ་སྒྲོལ་ཞིག མི་རིགས་པ་མ་བྱེད་པར། རྒྱལ་ཁམས་པ་དང་། ཕ་མེད་དང་། མོ་རང་མོ་ལ་རྔན་ཆེན་མ་བྱེད་ཅིག ནོངས་མེད་པའི་མིའི་ཁྲག་གནས་འདིར་མ་ཕོས་ཤིག ༤ དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་ཁྱོད་ཀྱིས་ཡང་དག་པར་འདི་བཞིན་དུ་སྤྱད་ན། དེ་ནས་རྒྱལ་པོ་དཱ་བིད་ཀྱི་གདུང་འཚོབ་པ་རྣམས་སམ། རྒྱལ་པོ་ནི་འཁོར་དང་མི་སྡེ་དང་བཅས་ཤིང་རྟ་དང་རྟ་ཕོ་ལ་ཞོན་ནས། རྒྱ་སྒོ་འདི་དག་ལས་ནང་དུ་འཇུག་པར་འགྱུར། ༥ འོན་ཀྱང་ཇི་སྟེ་ཁྱོད་ཚིག་འདི་དག་ལ་མ་ཉན་ན། ཕོ་བྲང་འདི་ཁང་སྟོང་དུ་འགྱུར་བར་ཁོ་བོས་རང་གི་མནའ་སྐྱེལ་ལོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎༦ གང་ལ་ཞེ་ན། ཡ་ཧུ་དཱའི་རྒྱལ་པོའི་ཕོ་བྲང་གི་ཆེད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ནི་ང་ལ་གིལ་ཨད་དང་ལི་བ་ནོན་གྱི་རྩེ་ཡིན་རུང་། ངས་ཁྱོད་བདེན་དག་པར་ཐང་སྟོང་དང་། སུ་ཡང་མི་གནས་པའི་གྲོང་ཁྱེར་རྣམས་དང་འདྲ་བར་བྱའོ། ༧ ཁྱོད་ཅག་གི་དགྲ་རུ། རེ་རང་གི་མཚོན་ཆ་ཐོགས་ཡོད་པའི་བཤིག་མཁན་ཡང་ངས་ཤོམ་ཞིང་། དེ་ཚོས་ཁྱོད་ཀྱི་འགྱམ་ཤིང་ཨང་གི་དང་པོ་རྣམས་བཅད་དེ་མེར་འདེབས་པར་འགྱུར། ༨ ཡང་མི་སྡེ་དུ་མ་གྲོང་ཁྱེར་འདིའི་མདུན་ནས་འདོང་ཞིང་། གྲོང་ཁྱེར་ཆེན་པོ་འདི་ལ་ཡ་ཧོ་ཝཱས་ཅིའི་སླད་དུ་འདི་འདྲ་མཛད་པ་ཡིན། ཞེས་དེ་དག་གི་ནང་ནས་རེ་རེས་རང་གི་ཁྱིམ་མཚེས་ལ་ཟེར་བར་འགྱུར་རོ། ༩ དེ་ནས་དེ་དག་གིས་ལན་དུ། འདི་ཚོས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་ཞལ་ཆད་ཕངས་ཏེ། ལྷ་གཞན་དག་ལ་ཕྱག་བཙལ་ཏེ་རིམ་གྲོ་བྱས་པའི་ལན་ཞེས་ཟེར་བར་འགྱུར་རོ༎
༡༠ གཤིན་པོའི་དོན་དུ་མ་ངུ་། ཆོ་ངེས་ཀྱང་མ་བྱེད་ཅིག འོན་ཀྱང་ཕར་འགྲོ་མཁན་གྱི་དོན་དུ་དྲག་ཏུ་ངུས་ཤིག དེ་ཅིའི་ཕྱིར་ཞེ་ན། སླར་དེ་ཕྱིར་ལོག་མི་སླེབ། རང་གི་ཕ་ཡུལ་ཡང་སླར་མཐོང་བར་མི་འགྱུར་རོ། ༡༡ གང་ལ་ཞེ་ན། རང་གི་ཕ་ཡོ་ཤི་ཡཱའི་མལ་དུ་སྲིད་བྱེད་མཁན་དང་། གནས་འདི་ལས་ཐོན་སོང་བའི་ཤལ་ལུམ་གྱི་བུ་ཡོ་ཤི་ཡཱ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོའི་ཆེད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་འདིར་སླར་ཕྱིར་ལོག་སླེབ་པར་མི་འགྱུར་བར། ༡༢ གར་བཙོན་དུ་བཟུང་ནས་ཁྱེར་བའི་གནས་སུ་ཤི་སྟེ། ཡུལ་འདི་སླར་མཐོང་བར་མི་འགྱུར་རོ༎
༡༣ མི་རིགས་པའི་ལུགས་སུ་རང་གི་ཁང་པ་དང་། མི་འོས་པའི་ཚུལ་དུ་རང་གི་ནང་མིག་རྩིག་ཅིང་། གླ་མེད་པར་རང་གི་ཁྱིམ་མཚེས་ལ་འུ་ལག་འགེལ་ཞིང་། གླ་མི་སྦྱིན་པའི་མི་ལ་བཀྲ་མི་ཤིས། ༡༤ ངས་རང་ལ་ཁང་པ་རྒྱ་ཅན་སྟེང་ཁང་ཆེ་བ་རྣམས་ཡོད་པ་ཞིག་རྩིག་པར་བྱའོ་དེས་ཟེར་ཏེ། དཀར་ཁུང་རྣམས་འདོན། འགྱམ་ཤིང་གིས་ཐོག་སྦུབ་མཚལ་གྱིས་འབྱུག ༡༥ ཁྱོད་ཀྱིས་འགྱམ་ཤིང་གི་བཟོ་ནང་ངོམ་སྟོན་པས་ན། ཁྱོད་ཀྱིས་རྒྱལ་སྲིད་སྐྱོང་བར་འགྱུར་རམ། ཁྱོད་ཀྱི་ཕས་མ་ཟོས་མ་བཏུང་ངམ། གཤགས་དང་ཁྲིམས་དྲང་པོ་མ་བྱས་སམ། དེ་ལྟར་ཁོ་ལ་ཤིས་པར་གྱུར་ཏོ། ༡༦ དེས་དབུལ་པོ་དང་ནོར་མེད་ཀྱི་གཤགས་དྲང་པོར་བཅད་པས། ཁོ་ལ་ཤིས་པར་གྱུར་ཏོ། ད་ངོ་ཕྲོད་པ་ནི་འདི་ག་རང་མ་ལགས་སམ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༧ འོན་ཀྱང་ཁྱོད་ཀྱི་མིག་རྣམས་དང་སྙིང་ནི་ཧམ་པ་དང་། མི་ནོངས་མེད་ཀྱི་ཁྲག་འཕོ་བ་དང་། བརྡབ་སིགས་དང་། དབང་ཆོས་བྱེད་པ་མ་གཏོགས་གཞན་ཅི་ལའང་མི་འགྲོའོ། ༡༨ དེ་བས་ན་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཤི་ཡཱའི་བུ་ཡོ་ཡཱ་ཀིམ་གྱི་ཆེད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། དེའི་དོན་ལ་མིས། ཀྱི་ཧུད་ངའི་སྤུན། ཡང་ན། ཀྱི་ཧུད་སྲིང་མོ་ཟེར་ཞིང་མྱ་ངན་བྱེད་པར་མི་འགྱུར། ཧའི་ཇོ་བོ། ཡང་ན། ཧའི་དེའི་དཔལ་ཟེར་ཞིང་མྱ་ངན་མི་བྱ་སྟེ། ༡༩ བོང་བུ་སྐུང་ལུགས་སུ་དེ་སྐུང་བར་བྱ་སྟེ། ཡེ་རུ་ཤ་ལེམ་གྱི་རྒྱ་སྒོ་རྣམས་ཀྱི་ཕྱི་རོལ་ཏུ་དྲུད་ནས་དབྱུག་པར་འགྱུར་རོ༎
༢༠ ཁྱོད་ཀྱི་སེམས་ཉེ་བ་ཀུན་བསད་པས། ལི་བ་ནོན་ཁར་འཛེགས་ཏེ་འོ་དོད་ཐོང་ཞིག བཱ་ཤན་གྱི་ནང་དུ་ང་རོ་ཐོང་ཞིག ཨ་བ་རིམ་ནས་ངུས་མང་ཐོང་ཞིག ༢༡ ཁྱོད་བཀྲ་ཤིས་པའི་དུས་ནང་ངས་ཁྱོད་ལ་བསྐུལ་མོད། ཁྱོད་ཀྱིས་ངས་ཉན་པར་མི་དགའོ་སྨྲས། ངའི་བཀའ་ལ་མི་ཉན་པ་ནི་གཞོན་དུས་ནས་ཁྱོད་ཀྱི་ལུགས་སྲོལ་ཡིན། ༢༢ ཁྱོད་ཀྱི་རྫི་བོ་ཐམས་ཅད་རླུང་དྲག་གིས་ཟ་བར་འགྱུར། ཁྱོད་ཀྱི་སེམས་ཉེ་བ་དག་བཙོན་དུ་ཆས་པར་འགྱུར། དེ་ནས་ཁྱོད་རང་གི་ངན་པ་ཐམས་ཅད་ཀྱིས་རྐྱེན་ཏེ་སྐྱེངས་ཤིང་ངོ་ཚ་བར་འགྱུར་པར་ངེས་སོ། ༢༣ ཀྱེ་འགྱམ་ཤིང་གི་ནང་དུ་རང་གི་ཚང་བྱེད་པ། ཀྱེ་ལི་བ་ནོན་མ། བུད་མེད་ལ་སྐྱེ་གཟེར་ཐེབས་འདྲའི་གཟེར་ཁྱོད་ལ་ཡོང་དུས། ཇི་འདྲ་འུ་ཐུག་པར་འགྱུར།
༢༤ ཁོ་བོས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་འཛུགས་ཏེ། ངེས་མེད་དུ་ཡ་ཧུ་དཱའི་རྒྱལ་པོ་ཡོ་ཡཱ་ཀིམ་གྱི་བུ་ཀོན་ཡཱ་དེ་ནི་ངའི་ཕྱག་གཡས་པའི་སོར་གདུབ་ཡིན་རུང་། དེ་ནས་ཀྱང་ངས་ཁྱོད་ཕུད་ནས་དབྱུག་པར་བྱའོ་ཡ་ཧོ་ཝཱས་གསུང་། ༢༥ ཁྱོད་ཀྱི་སྲོག་ལ་སྙེགས་པའི་ལག་པ་དང་། གང་དག་གི་གདོང་ལ་ཁྱོད་བག་ཚ་བའི་ལག་པའམ། བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་པ་དང་། ཀལ་དཱི་པའི་ལག་པར་ངས་ཁྱོད་གཏད་དེ། ༢༦ ངས་ཁྱོད་རང་དང་ཁྱོད་སྐྱེས་པའི་མ་དང་བཅས། ཁྱོད་རྣམས་ཀྱི་སྐྱེ་ཡུལ་མིན་པའི་ཡུལ་དུ་འདོན་པར་བྱ་ཞིང་། དེར་འཆི་བར་འགྱུར། ༢༧ འོན་དེ་དག་ཕྱིར་ལོག་འགྲོ་བར་འདོད་པའི་ཡུལ་དུ་ནམ་དུའང་ལོག་པར་མི་འགྱུར་རོ༎
༢༨ ཀོན་ཡཱ་བྱ་བའི་མི་འདི་ནི་སྐྱུག་བྲོ་བའི་སྣོད་ཆག་པོའམ། མི་འདོད་པའི་སྣོད་ཡིན་ནམ། ཅིའི་སླད་དུ་ཁོ་དང་ཁོའི་བུ་བརྒྱུད་དག་ནི་འདོན་ཞིང་རྒྱུས་མེད་པའི་ཡུལ་དུ་སྐྲོད་པར་བྱེད།
༢༩ ཀྱེ་ཡུལ་ཁམས། ཡུལ་ཁམས། ཡུལ་ཁམས། ཡ་ཧོ་ཝཱའི་གསུང་ལ་ཉོན། ༣༠ ཡ་ཧོ་ཝཱས་འདི་སྐད་གསུང་། རང་གི་ཚེ་གང་བཀྲ་མི་ཤིས་པའི་མི། མི་རབས་ཆད་པའི་མི་འདི་ཞེས་ཁྱོད་ཀྱིས་བྲིས་ཤིག དེ་ཅིའི་ཕྱིར་ཞེ་ན། ད་ནས་ཕྱིན་དུ་དཱ་བིད་ཀྱི་རྒྱལ་ཁྲིར་སྡོད་པ་དང་། ཡ་ཧུ་དཱར་སྲིད་བྱེད་པའི་ཕྱིར་མི་དེའི་བུ་བརྒྱུད་ལས་སུ་ཡང་བཀྲ་ཤིས་པར་མི་འགྱུར་རོ༎