༢༡
བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ངེད་ལ་གཡུལ་འགྱེད་པས། ངེད་ཀྱི་དོན་དུ་ཡ་ཧོ་ཝཱ་ལ་ཐུགས་བརྟག་ཞུས་ཤིག ཁོང་གི་ཕྲིན་ལས་ངོ་མཚར་ཆེ་བ་དང་བསྟུན་ནས་ཁོ་ངེད་ལས་ཕར་འགྲོ་བའི་ཐབས་མཛད་ལས་ཆེའོ། བྱས་ཏེ།  ཡེ་རེམ་ཡཱ་ལ་ཞུ་བའི་ཕྱིར་རྒྱལ་པོ་ཚེ་དེག་ཡཱས་མལ་ཀི་ཡཱའི་བུ་ཕ་ཤུར་དང་། བླ་མ་མ་ཨ་སེ་ཡཱའི་བུ་ཟེ་ཕན་ཡཱ་གཉིས་མངགས་པའི་ཚེ། ཡ་ཧོ་ཝཱ་ལས་ཡེ་རེམ་ཡཱ་ལ་བྱུང་བའི་བཀའ་ལུང་ནི།  དེར་ཡེ་རེམ་ཡཱས་དེ་དག་ལ་འདི་ན་རེ། ཁྱོད་ཚོས་ཚེ་དེག་ཡཱ་ལ་འདི་ལྟར་ཞུས་ཤིག  ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ལྕགས་རིའི་ཕྱི་རོལ་ནས་ཁྱོད་རྣམས་ལ་བསྐོར་ཡོད་པའི་བཱ་བེལ་རྒྱལ་པོ་དང་ཀལ་དཱི་པ་རྣམས་དང་འཐབ་པར་ཁྱོད་ཅག་གི་ལག་པར་ཡོད་པའི་མཚོན་ཆ་རྣམས་ངས་རྒྱབ་ཏུ་ཟློག་པར་བྱ་སྟེ། དེ་དག་གྲོང་ཁྱེར་འདིའི་དབུས་སུ་སྤུང་བར་བྱའོ།  ཡང་ངས་ཉིད་ཀྱི་ཐར་བརྐྱངས་ཡོད་པའི་ཕྱག་དང་། ཕྲག་པ་སྟོབས་ལྡན་གྱིས་མ་ཟད། ཁྲོ་བ་དང་། ཁོང་ཁྲོ་དང་། ཁྲོ་གཏུམ་ཆེན་པོས་ཁྱོད་ཅག་ལ་འཐབ་ཅིང་།  ངས་གྲོང་ཁྱེར་འདིར་གནས་པའི་མི་དང་དུད་འགྲོ་གཉིས་པོ་གསོད་པར་བྱ་ཞིང་། རིམས་ནད་ཆེན་པོས་དེ་རྣམས་འཆི་བར་འགྱུར་རོ།  ཡང་བྱ་བ་དེའི་འོག་ཏུ། ཡ་ཧུ་དཱའི་རྒྱལ་པོ་ཚེ་དེག་ཡཱ་དང་། དེའི་འཁོར་རྣམས་དང་། མི་སྡེ་རྣམས་སམ། གྲོང་ཁྱེར་འདིར་རལ་གྲི་དང་མུ་གེ་ལས་ལུས་པ་དག བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱི་ལག་ཏུ་དང་། དགྲའི་ལག་ཏུ་དང་། དེ་དག་གི་སྲོག་ལ་སྙེགས་པ་རྣམས་ཀྱི་ལག་ཏུ་གཏོད་པར་བྱ་བ་དང་། དེས་འདི་དག་ལ་རལ་གྲིའི་ཁས་རྒྱབ་ཅིང་། དེ་དག་ལ་འཕངས་པའམ། བརྩེ་བའམ། སྙིང་རྗེ་བྱེད་པར་མི་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
 ཡང་མི་སྡེ་འདི་ལ་ཁྱོད་ཀྱིས། ཀྱེ་ཧོ། ངས་ཁྱོད་ཅག་ལ་གསོན་པ་དང་། འཆི་བའི་ལམ་གཉིས་དེ་སྟོན་པར་བྱེད། ཞེས་ཟེར་བར་དགོས།  སུའང་གྲོང་ཁྱེར་འདིར་གནས་ན། རལ་གྲི་དང་། མུ་གེ་དང་། རིམས་ནད་ཀྱི་འཆིའི། སུའང་ཕྱི་རོལ་དུ་སོང་ནས། ཁྱོད་ཅག་ལ་བསྐོར་ནས་ཡོད་པའི་ཀལ་དཱི་པ་རྣམས་ཀྱི་སྐྱབས་སུ་འགྲོ་བ་དེ་གསོན་པོར་ལུས་ཤིང་། དེས་རང་གི་སྲོག་ནི་བཅོམ་ནོར་ལྟར་འཁྱེར་བར་འགྱུར་རོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་ནི་གནོད་པ་དང་བཟང་པོ་མིན་པ་དེ་བྱེད་དུ་གྲོང་ཁྱེར་འདིའི་ཕྱོགས་སུ་ཞལ་བསྒྱུར་པ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་། གྲོང་ཁྱེར་འདི་བཱ་བེལ་རྒྱལ་པོའི་ལག་པར་གཏད་དེ། དེས་འདི་མེ་ལ་སྲེག་པར་འགྱུར་རོ༎
༡༡ ཡང་ཡ་ཧུ་དཱའི་རྒྱལ་པོའི་ཕ་ཚན་གྱི་སྐོར་ཁྱོད་ཅག་གིས་ཡ་ཧོ་ཝཱའི་གསུང་ལ་རྣ་བ་ཐོད་ཅིག ༡༢ ཀྱེ་དཱ་བིད་ཀྱི་ཕ་ཚན། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཅག་གི་བྱ་བ་ངན་པས་རྐྱེན་ཏེ། ངའི་ཐུགས་ཁྲོ་མེ་ལྟར་འབར་བས། སུས་ཀྱང་གསོད་མི་ནུས་པའི་མེ་རུ་མི་འབར་བའི་སླད་དུ། ཁྱོད་ཅག་སྔ་དྲོ་ལངས་ནས་གཤགས་དྲང་པོ་དང་། བཅོམས་པར་གྱུར་པ་རྣམས་དབང་ཤུགས་བྱེད་པའི་ལག་པ་ལས་སྒྲོལ་ཞིག
༡༣ ངེད་ལ་སུས་རྒོལ་ཡོང་། ཡང་ན་ངེད་ཀྱི་གནས་ཚང་རྣམས་སུ་འཇུག་པར་འགྱུར་སྨྲ་བའི་རོང་པ་དང་། ཐང་གི་བྲག་ལ་གནས་པ། ཁྱོད་རྣམས་ཀྱི་དགྲར་ང་ལྡང་ངོ་ཞེས་ཡ་ཧོ་ཝཱས་གསུང་། ༡༤ ཡང་ཁྱོད་ཅག་གི་ལས་འབྲས་བཞིན་དུ་ངས་ཆད་པས་བཅད་དེ། ཁྱོད་ཀྱི་ནགས་ཚལ་ལ་ངས་མེ་སྤར་ཞིང་། ཁྱོད་ཀྱི་མཐའ་འཁོར་ཐམས་ཅད་ཀྱང་འཚིག་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎