༡༩
ཡ་ཧོ་ཝཱས་འདི་སྐད་གསུང་། སོང་ལ། རྫ་མཁན་གྱི་རྫ་བུམ་ཞིག་ཉོས་ཏེ། མི་སྡེ་འདིའི་རྒན་པོ་རྣམས་དང་། དགེ་འདུན་གྱི་རྒན་པོ་རྣམས་ལས་ཁ་ཅིག་ཁྲིད་ནས། ༢ རྫ་ཆག་གི་རྒྱ་སྒོའི་མདུན་ན་ཡོད་པའི་བེན་ཧིན་ནོམ་གྱི་རོང་ནང་སོང་ཞིག་དང་། ངས་ཁྱོད་ལ་འཆད་རྒྱུ་རྣམས་དེར་སྒྲོག་པར་བྱེད་ཅིང་འདི་སྐད་དུ། ༣ ཀྱེ་ཡ་ཧུ་དཱ་པའི་རྒྱལ་པོ་རྣམས་དང་ཡེ་རུ་ཤ་ལེམ་པ་རྣམས། ཡ་ཧོ་ཝཱའི་གསུང་ཐོས་པར་བྱོས། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ངས་གནས་འདིར་རྐྱེན་ངན་དབབ་བོ། དེ་ནས་དེ་ཐོས་ཚད་ཀྱི་རྣ་བ་འུར་བར་འགྱུར་རོ། ༤ དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཁོ་བོ་བསྐྱུར་ཏེ། གནས་འདི་ཁང་ཡན་དུ་བརྩིས་ཏེ། དེ་དག་རང་ངམ། དེ་དག་གི་ཕ་མེས་རྣམས་སམ། ཡ་ཧུ་དཱའི་རྒྱལ་པོ་གང་གིས་ཀྱང་ངོ་མི་ཤེས་པའི་ལྷ་གཞན་རྣམས་ལ་བསངས་བཏང་ནས། གནས་འདི་མི་ནོངས་མེད་པའི་ཁྲག་གིས་བཀང་སྟེ། ༥ བ་ཨཱལ་ལ་སྦྱིན་སྲེག་སྦྱིན་པ་ལ་རང་གི་བུ་རྣམས་མེར་སྲེག་པའི་དོན་དུ། བ་ཨཱལ་གྱི་དོན་དུ་མཐོ་གླིང་རྣམས་ཀྱང་བརྩིགས་སོ། དེ་ལྟ་བུ་ཞིག་ངས་སྒོ་བར་ཡང་མ་བྱས། སྨྲས་པའང་མིན། ངའི་སྣང་བར་ཡང་ཤར་བ་མ་ཡིན། ༦ དེ་བས་ན་ལྟོས་ཤིག གནས་འདི་ལ་ཐོ་ཕེད་ཀྱང་མི་ཟེར་བ་དང་། བེན་ཧིན་ནོམ་ཡང་མི་བྱ་བར། གསོད་གཅོད་ཀྱི་རོང་བྱ་བའི་དུས་ཚོད་ལ་འབབ་ཀྱིན་འདུག ཅེས་ཡ་ཧོ་ཝཱས་གསུང་། ༧ ཡང་ངས་ས་གནས་འདི་ཉིད་དུ་ཡ་ཧུ་དཱ་དང་། ཡེ་རུ་ཤ་ལེམ་གྱི་ཇུས་དེ་མེད་པར་བྱ་སྟེ། ངས་དེ་དག་རང་གི་དགྲའི་མདུན་དུ་རལ་གྲི་དང་། དེ་དག་གི་སྲོག་ལ་སྙེགས་པའི་ལག་པས་འགྱེལ་དུ་གཞུག་ཅིང་། དེ་དག་གི་རོ་ནི་གནམ་གྱི་བྱ་དང་། སའི་གཅན་གཟན་རྣམས་ཀྱི་ཁ་ཟས་སུ་སྟེར་བར་བྱའོ། ༨ ཡང་ཁོ་བོས་གྲོང་ཁྱེར་འདི་ནི་ཧན་འཁྱོར་བ་དང་། འོ་ཤོ་འཕོག་པའི་གནས་སུ་བྱ་སྟེ། དེའི་མདུན་ལས་འགྲུལ་མཁན་ཐམས་ཅད་ཧན་འཁྱོར་ཞིང་། དེའི་རྐྱེན་ངན་གྱི་ཕྱིར་དུ་འོ་ཤོ་གཏོང་བར་འགྱུར། ༩ དེ་དག་གི་དགྲས་དམག་བསྐོར་ནས་འུ་ཐུག་ཏུ་འཇུག་ཅིང་། དེ་དག་གི་སྲོག་ལ་སྙེགས་མཁན་གྱིས་བྱ་ཐབས་ཟད་དུ་འཇུག་དུས། དེ་དག་གི་བུ་དང་བུ་མོ་རྣམས་ཀྱི་ཤ་དེ་དག་ལ་ཟ་རུ་འཇུག་ཅིང་། ཚང་མས་རང་གི་མཛའ་བོའི་ཤ་ཡང་ཟ་བར་འགྱུར་རོ༎༡༠ ཡང་ཁྱོད་མཉམ་འདོང་བའི་མི་རྣམས་ཀྱི་མཐོང་སར་བུམ་པ་དེ་ཆོག་ཅིག་དང་། ༡༡ དེ་དག་ལ། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། སུས་ཀྱང་སྔར་བཞིན་སླར་བཟོ་མི་ནུས་པའི་རྫ་མཁན་གྱི་རྫ་མ་ཞིག་གཅོག་པ་དེ་ཁོ་ན་ལྟར། ངས་ཀྱང་མི་སྡེ་འདི་གྲོང་ཁྱེར་འདི་དང་བཅས་སུ་གཅོག་པར་བྱ་ཞིང་། སྐུང་ས་མི་ལུས་པའི་བར་དུ་དེ་རྣམས་ཐོ་ཕེད་འདིར་སྐུང་བར་འགྱུར་རོ། ༡༢ འདི་ཁོ་ན་བཞིན་ངས་གནས་འདི་དང་། དེའི་མི་རྣམས་ལའང་བྱའོ། ཞེས་ཡ་ཧོ་ཝཱས་གསུང་། འོ་ན། ངས་གྲོང་ཁྱེར་འདི་ཐོ་ཕེད་ལྟ་བུར་བྱའོ། ༡༣ དེ་ནས་ཡེ་རུ་ཤ་ལེམ་གྱི་ཁང་པ་རྣམས་དང་། ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་ཕོ་བྲང་རྣམས་ཐོ་ཕེད་ལྟར་བརླགས་པར་འགྱུར། དེ་བཞིན་དུ་གང་ཁང་པའི་ཐོག་ཏུ་གནམ་གྱི་དཔུང་ཚོགས་ལ་བསངས་བཏང་སྟེ། ལྷ་གཞན་རྣམས་ལ་གསེར་སྐྱེམས་བཏང་པའི་ཁང་པ་རྣམས་ལའང་འབྱུང་བར་འགྱུར་རོ། ཞེས་སྨྲས་སོ༎
༡༤ དེ་ནས་ཡེ་རེམ་ཡཱ་ནི་ཡ་ཧོ་ཝཱས་ལུང་བསྟན་དུ་མངགས་པའི་ཐོ་ཕེད་ནས་ལོག་འོང་སྟེ། ཡ་ཧོ་ཝཱའི་ཕོ་བྲང་གི་ཁྱམས་སུ་བཞེངས་ཤིང་། ཚོགས་ཐམས་ཅད་ལ་འདི་ན་རེ། ༡༥ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ཁོ་བོས་གྲོང་ཁྱེར་འདི་དང་། དེའི་ཡུལ་གྲུ་ཐམས་ཅད་ཀྱི་ཐོག་ཏུ་ངས་གསུངས་པའི་རྐྱེན་ངན་དེ་ཐམས་ཅད་འབེབས་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ངའི་གསུང་ལ་མི་ཉན་པའི་སླད་དུ་རང་གི་གཉའ་བ་རེངས་པར་བྱས་པའི་ཕྱིར་རོ༎