༡༨
ཡ་ཧོ་ཝཱ་ལས་ཡེ་རེམ་ཡཱ་ལ་བྱུང་བའི་བཀའ་མཆིད་ནི་འདི་ལྟ་སྟེ།
 ལོངས་ཤིག་དང་། རྫ་མཁན་གྱི་ཁྱིམ་དུ་འབབ་ནས་སོང་ཞིག དེར་ངས་ཁྱོད་ལ་ངའི་བཀའ་ཐོས་སུ་གཞུག་གོ། གསུངས་པ་དང་།  ང་རྫ་མཁན་གྱི་ཁྱིམ་དུ་འབབ་སོང་བ་ལས། ཀྱེ་ཧོ། དེས་རང་གི་འཁོར་ལོའི་ཐོག་ཏུ་སྣོད་ཅིག་བཅོས་ནས།  ས་ལས་བཟོས་པའི་སྣོད་དེ་རྫ་མཁན་གྱི་ལག་པའི་ནང་དུ་བཞིག་པ་ཙམ་གྱིས། དེས་ཅི་བཅོ་བ་ལེགས་བསམ་པའི་གཞན་སྣོད་ཅིག་དེ་ལས་བཟོས་སོ།  དེ་ནས་ཡ་ཧོ་ཝཱའི་བཀའ་བདག་ལ་བྱོན་ནས་འདི་སྐད་དུ།  ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད་རྫ་མཁན་འདིས་བྱས་པ་ལྟར། ངས་ཁྱོད་ལ་བྱེད་པར་མི་ནུས་སམ། ཞེས་ཡ་ཧོ་ཝཱས་གསུང་། ལྟོས་ཤིག རྫ་མཁན་གྱི་ལག་པའི་ནང་ཡོད་པའི་འཇིམ་པ་བཞིན། ཁྱོད་ཀྱང་ངའི་ལག་ནང་ཡོད། ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད།  ངས་མི་བརྒྱུད་ཅིག་གམ། རྒྱལ་ཁམས་ཤིག་ལ་རག་ལས་ཏེ། དེ་ནི་རྩ་བ་ནས་བཏོན་ཏེ། བཅག་སྟེ། མེད་པར་བྱའོ། ཞེས་ངས་དུས་ཤིག་ཏུ་གསུངས་ཟིན་མོད།  ཇི་སྟེ་ངས་གང་གི་སྐོར་དུ་གསུངས་པའི་མི་བརྒྱུད་དེ། རང་གི་ངན་པ་ལས་སྒྱུར་ན། ངས་ཀྱང་དེ་དག་ལ་བྱའོ་བསྙམས་པའི་ངན་པའི་ཕྱིར་ཐུགས་འགྱོད་པར་བྱའོ།  ཡང་མི་བརྒྱུད་ཅིག་གམ། རྒྱལ་སྲིད་ཅིག་གི་སྐོར་ལ། དེ་ནི་བཞེངས་ཏེ་འཚུགས་པར་བྱའོ་ཞེས་ངས་དུས་ཤིག་ཏུ་གསུངས་ཟིན་མོད། ༡༠ ཇི་སྟེ་དེས་ངའི་སྐད་ལ་མ་ཉན་པར། ངའི་གཟིགས་ངོར་ངན་པ་བྱེད་ན། ངས་ཀྱང་དེ་ལ་ཕན་གདགས་པའི་བྱ་བ་བཟང་པོ་དེའི་ཕྱིར་ཐུགས་འགྱོད་པར་བྱའོ༎
༡༡ དེས་ན་ད་ཡ་ཧུ་དཱ་པ་དང་། ཡེ་རུ་ཤ་ལེམ་པ་རྣམས་ལ་གླེང་མོ་བྱེད་དུ་སོང་ནས་འདི་སྐད་སྦྲོན་པར་བྱོས། ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག ངས་ཁྱོད་ཅག་གི་དོན་དུ་རྐྱེན་ངན་རྩོམ་ཞིང་། ཁྱོད་ཅག་ལ་གནོད་པའི་ཇུས་ཤིག་བྱེད་དོ། ད་ཁྱོད་ཐམས་ཅད་རང་གི་ལམ་ངན་པ་ལས་ལོག་སྟེ། རང་གི་ལམ་དང་སྤྱོད་པ་རྣམས་ལེགས་པར་གྱིས་ཤིག ༡༢ འོན་དེ་དག་གིས། དེ་ནི་རེ་ཐག་ཆོད་པས། རང་གི་བསམ་པའི་རྗེས་སུ་འབྲང་ཞིང་། ངེད་ཀུན་གྱིས་རང་གི་སྙིང་ངན་པའི་མགོ་མཁྲེགས་པོའི་འདོད་པ་ལྟར་སྤྱོད་པར་བྱའོ་ཞེས་སྨྲས་སོ༎
༡༣ དེའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་དུ། འདི་འདྲའི་བྱ་བ་རྣམས་ཐོས་སམ། ཞེས་ཁྱོད་ཅག་གིས་མི་བརྒྱུད་རྣམས་ཀྱི་དཀྱིལ་དུ་དྲིས་ཤིག ཨིས་ར་ཨེལ་གྱི་ལང་ཚོ་མས་བྱ་བ་ཤིན་ཏུ་མི་རུང་བ་ཞིག་བྱས་སོ། ༡༤ རྒྱ་ཐང་གི་བྲག་རི་ལས་གངས་སམ། ལི་བ་ནོན་ནས་ཁ་བ་མེད་པར་འགྱུར་རམ། ཡང་ན་རྒྱང་རིང་ནས་འོང་བའི་གཡའ་ཆུ་དེ་སྐེམ་པར་འགྱུར་རམ། ༡༥ འོན་ཀྱང་ངའི་འབངས་རྣམས་ཀྱིས་ཁོ་བོ་བརྗེད་དེ། སྙིང་པོ་མེད་པ་ལ་བདུག་སྤོས་བདུག་ཅིང་། ཉེ་ལམ་དང་ལམ་མ་བཟོས་པའི་ནང་དུ་འགྲུལ་བ་ལ། དེས་དེ་རྣམས་ཀྱི་རྒྱུ་ལམ་དང་སྔོན་མའི་ལམ་ལས་བཟློག་པར་བྱས་སོ། ༡༦ དེ་ནི་དེ་དག་གི་ཡུལ་ཁམས་དེ་ཧན་འཁྱོར་ས་དང་། གཏན་དུ་ཐུ་ཐུ་འཕོག་ས་བྱེད་དུ་ཡིན་ཏེ། དེའི་ཕྱོགས་ལས་འགྲུལ་མཁན་ཐམས་ཅད་ཧན་འཁྱོར་ཞིང་། མགོ་དབྱུག་པར་འགྱུར་རོ། ༡༧ ཤར་རླུང་གི་ཚུལ་དུ་ངས་དེ་དག་ཕ་རོལ་པའི་མདུན་དུ་གཏོར་ཞིང་། དེ་དག་སྡུག་བསྔལ་དུས་དེ་དག་ལ་ངས་ཞལ་གདོང་མི་བསྟན་གྱི། སྐུ་རྒྱབ་སྟོན་པར་བྱའོ་ཞེས་གསུང་ངོ་༎
༡༨ དེར་དེ་དག་གིས། དགེ་འདུན་ལས་བཀའ་ཁྲིམས་དང་། མི་མཁས་པ་ལས་བློ་གྲོས་དང་། ལུང་སྟོན་པ་ལས་བཀའ་མཆིད་མ་བྲལ་བས་ན། ད་ཚུར་ཤོག ཡེ་རེམ་ཡཱའི་སྐོར་དུ་གྲོས་བྱེད་པར་བྱའོ། ཚུར་ཤོག ངེད་ཅག་གིས་ལྕེའི་སྒོ་ནས་ཁོ་ལ་བརྡེག་ཅིང་། ཁོའི་ཚིག་གང་ལའང་སྣང་རྟགས་མི་བྱའོ། ཞེས་བགྱིས་སོ༎
༡༩ ཀྱེ་ཡ་ཧོ་ཝཱ། བདག་ལ་སྣང་རྟགས་མཛད་ཅིང་། དེ་དག་གིས་བདག་ལ་རྩོད་པའི་སྒྲ་ནི་གསན་དུ་གསོལ། ༢༠ དེ་ཚོས་ངའི་སྲོག་གི་ཕྱིར་དུ་དོང་ཞིག་བྲུལ་ཡོད་པས། བཟང་ལན་ངན་གྱིས་འཇལ་འོང་ངམ། དེ་དག་གི་དོན་དུ་ཁྱེད་ལ་བཅོལ་བ་དང་། དེ་དག་ལས་ཁྱེད་ཀྱི་ཐུགས་ཁྲོ་ཟློག་པའི་དོན་དུ། ང་ཁྱེད་ཀྱི་དྲུང་དུ་ལངས་པ་དེ་ཐུགས་ཡིད་མཛོད་ཅིག ༢༡ དེའི་ཕྱིར་དེ་དག་གི་བུ་རྣམས་མུ་གེ་ལ་བཏད་དེ། དེ་དག་རང་རལ་གྲིའི་དབང་དུ་བཅོལ་ནས། དེ་དག་གི་ཆུང་མ་རྣམས་ལས་ཕྲུ་གུ་རྣམས་ཕྲོགས་ནས་མོ་རང་མོར་གྱུར་ཏེ། དེ་དག་གི་སྐྱེས་པ་རྣམས་འཆི་བས་གསོད་ཅིང་། དེ་དག་གི་གཞོན་ནུ་རྣམས་འཐབ་མོའི་ནང་དུ་རལ་གྲིས་འགུམ་པར་དགོས། ༢༢ དེ་དག་གིས་ང་འཛིན་དུ་དོང་བྲུལ་ཏེ། ངའི་རྐང་པའི་ཕྱིར་དུ་རྙི་རྣམས་སྦས་བཞག་པས་ན། བློ་བུར་དུ་ཁྱེད་ཀྱིས་དེ་དག་གི་ཐོག་ཏུ་དམག་འདྲེན་པའི་དུས་སུ། དེ་དག་གི་ཁྱིམ་རྣམས་ནས་ངུ་སྐད་ཐོས་པར་ཤོག ༢༣ དེ་ཚོས་ང་སྲོག་དང་འཕྲལ་དུ་བརྩམས་པའི་གྲོས་ཐམས་ཅད་ཁྱེད་ཀྱིས་མཁྱེན་པས། དེ་དག་གི་མི་དགེ་བ་དེ་བཤགས་པར་མ་མཛད། ཁྱེད་ཀྱི་གཟིགས་ངོ་ལས་དེ་དག་གི་ཉེས་སྡིག་སེལ་བར་ཡང་མ་མཛད་ཅིག ཁྱེད་ཀྱི་དྲུང་དུ་དེ་དག་སྣུབ་པར་ཤོག ཁྱེད་ཐུགས་ཁྲོ་བའི་ཚེ་ན། དེ་དག་ལ་འདི་ལྟར་མཛད་དུ་གསོལ་ལོ༎