༡༧
ཡ་ཧུ་དཱའི་ཉེས་སྡིག་དེ་ནི་ལྕགས་སྨྱུག་དང་རྡོ་རྗེ་ཕ་ལམ་གྱི་རྩེ་ཡིས་བྲིས་ཏེ། དེ་དག་གི་སྙིང་གི་བྱང་བུ་དང་། མཆོད་ཁྲིའི་རུ་པ་རྣམས་ཀྱི་ཁར་བརྐོས་ནས་ཡོད།  དེ་ལྟར་དེ་དག་གི་བུ་རྣམས་ཀྱིས་ཤིང་སྡོང་སྔོན་པོའི་མདུན་དང་རི་མཐོན་པོ་རྣམས་ཀྱི་ཁར། རང་གི་མཆོད་ཁྲི་དང་ལྷ་ཤིང་རྣམས་ཡིད་ལ་དྲན།  ཐང་ལ་ཡོད་པའི་ཀྱེ་ངའི་རི། ངས་ཁྱོད་ཀྱི་ནོར་རྫས་དང་གཏེར་ཐམས་ཅད་དང་། ཁྱོད་ཀྱི་ས་ཚིགས་ཀུན་ཏུ་སྡིག་པའི་ཕྱིར་བརྩིགས་པའི་མཐོ་གླིང་རྣམས་འཕྲོག་ཏུ་གཞུག་གོ།  ཁྱོད་རང་རང་ནི། ངས་ཁྱོད་ལ་བཏད་ཡོད་པའི་ནོར་སྐལ་གྱི་ཡུལ་ལས་འབྲལ་བར་འགྱུར་ཞིང་། ཁྱོད་ལ་ཆ་མེད་པའི་ཡུལ་གྱི་ནང་དུ་ཁྱོད་རང་གི་ཕ་རོལ་པ་རྣམས་ཀྱི་གཡོག་བྱེད་དུ་གཞུག་གོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་ངའི་ཐུགས་ཁྲོའི་མེ་ཞིག་སྦར་བས། ད་དེ་རྟག་ཏུ་འབར་བར་འགྱུར་རོ༎
 ཡ་ཧོ་ཝཱས་འདི་སྐད་གསུང་། མིར་བློ་གཏོད་བྱེད་པར་དང་། ལུས་ཅན་ནི་རང་གི་ཕྲག་པ་རུ་བྱེད་པ་དང་། ཡ་ཧོ་ཝཱ་ལས་སྙིང་སྒྱུར་བ་དེ་མི་གླུད་ཡིན་ནོ།  དེ་ཅིའི་ཕྱིར་ཞེ་ན། དེ་ནི་འབྲོག་སྟོང་གི་གཅེར་པུ་སྐྱེ་ཤིང་བྱ་བ་ལྟ་བུར་གྱུར་ཏེ། བཟང་པོ་འབྱུང་དུས་སུ་དེ་མཐོང་བར་མི་འགྱུར་གྱིས། འབྲོག་སྟོང་གི་ས་ཆ་ཚིག་པོ་དང་། མི་མེད་པའི་བ་ཚ་ཅན་གྱི་ས་ཆ་རུ་གནས་པར་འགྱུར་རོ༎
 ཡ་ཧོ་ཝཱ་ལ་བློ་གཏོད་པའི་མི་དང་། ཡ་ཧོ་ཝཱ་རེ་ས་ལགས་པ་ནི་བདེའོ།  གང་ལ་ཞེ་ན། དེ་ནི་ཆུ་འགྲམ་དུ་བཙུགས་ནས། ཆུ་ཀླུང་ནང་དུ་རྩ་བ་རྐྱོང་བའི་ལྗོན་ཤིང་ལྟར་འགྱུར་ཞིང་། ཚད་པ་འོང་ཡང་སྣང་རྟགས་མེད་པར། དེའི་ལོ་མ་སྔོན་པོར་ལུས། ཆུ་དཀོན་གྱི་ལོ་ལའང་མི་འཚབས། འབྲས་བུ་སྐྱེད་འཕྲོའང་མི་གཅོད་དོ༎
 སྙིང་ནི་ཅི་ཐམས་ཅད་པས་གཡོ་སྒྱུ་ཅན་དང་། ཚོད་མེད་བསྟན་བཤིག་སྟེ། སུས་དེ་རྟོགས་པར་ནུས། ༡༠ མི་ཀུན་ལ་རེ་རང་གིས་ལམ་དང་། སྤྱོད་ལུགས་ཀྱི་འབྲས་བུ་བཞིན་དུ་སྟེར་བའི་ཕྱིར། བདག་ཡ་ཧོ་ཝཱས་སྙིང་ལ་ཞིབ་དཔྱོད་ཅིང་། མཁལ་མ་སད་པར་བྱེད།
༡༡ སྲེག་པས་རང་ལ་མ་སྐྱེས་པའི་སྲེག་ཕྲུག་རྣམས་བསྡུ་བ་ལྟར། མི་རིགས་པའི་ཚུལ་དུ་ནོར་སོག་པ་དེ་ཡིན། དར་བསྒང་དུས་སུ་དེས་དེ་རྣམས་བསྐྱལ་ཏེ། ཚེ་མཇུག་ཏུ་བླུན་པོར་འགྱུར་བར་འགྱུར་རོ༎
༡༢ ངེད་ཀྱི་གནས་དམ་པ་ནི་ཐོག་མ་ནས་དཔལ་དང་ལྡན་པའི་རྒྱལ་ཁྲི་ལགས། ༡༣ ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་རེ་ས། ཁྱོད་སྤོང་བ་ཐམས་ཅད་སྐྱེང་བར་འགྱུར། བདག་ལས་འབྱོལ་བ་རྣམས་སའི་ཁར་ཡི་གེ་འབྲི་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་སྲོག་གི་ཆུའི་ཆུ་མིག་ལགས་པའི་ཡ་ཧོ་ཝཱ་སྤངས་པའི་ཕྱིར་རོ༎
༡༤ ཀྱེ་ཡ་ཧོ་ཝཱ། ཁྱེད་ནི་ངའི་ངོམ་ཤིང་ལགས་པས་ན། ངའི་ནད་སོས་ཤིག་དང་། ང་གསོ་བར་འགྱུར། ང་སྒྲོལ་ཞིག་དང་། ང་འགྲོལ་བར་འགྱུར་རོ། ༡༥ གཟིགས་ཤིག དེ་དག་གིས་ང་ལ། ཡ་ཧོ་ཝཱའི་བཀའ་ལུང་ག་ན་ཡོད། ཡོད་ན་ད་ལྟ་ཉིད་དུ་འབབ་པར་དགོས་ཞེས་ཟེར་རོ། ༡༦ བདག་ཁྱེད་ལ་འབྲང་ཞིང་། རྫི་བོར་གྱུར་བ་ལས་ཀྱང་མ་བྱོལ་ཏེ། བཀྲ་མི་ཤིས་པའི་ཉིན་མོ་འོང་དགོས་ངས་མ་བསམས། ངའི་མཆུ་ལས་ཐོན་པ་དེ་ཁྱེད་ཀྱི་ཞལ་ངོ་རང་དུ་ཡོད་པ་ཁྱེད་ཀྱིས་མཁྱེན་ནོ། ༡༧ སྡུག་བསྔལ་དུས་སུ་ཁྱེད་ངའི་སྐྱབས་གནས་ལགས་པས། ཁྱེད་ང་ལ་འཇིགས་པ་ཞིག་ཏུ་མ་གྱུར་ཞིག ༡༨ ང་ལ་འཚེ་བ་རྣམས་སྐྱེངས་པར་ཤོག འོན་ང་རང་མི་སྐྱེང་བར་ཤོག དེ་དག་དངང་སྐྲག་པར་ཤོག འོན་ང་རང་མི་སྐྲག་པར་ཤོག དེ་ཚོར་དུས་ངན་ཕོབ་ལ། སྟོངས་པ་ཉི་ལྡབ་ཀྱིས་དེ་དག་མེད་པར་མཛོད་ཅིག
༡༩ ཡ་ཧོ་ཝཱས་བདག་ལ་འདི་སྐད་དུ། སོང་ལ། གང་ལས་ཡ་ཧུ་དཱའི་རྒྱལ་པོ་རྣམས་ནང་དུ་འཛུལ་ཞིང་འཐོན་པའི་ངའི་མི་སྡེའི་བུ་རྣམས་ཀྱི་རྒྱ་སྒོ་དང་། ཡེ་རུ་ཤ་ལེམ་གྱི་རྒྱ་སྒོ་ཐམས་ཅད་དུ་འགྲེང་ཞིང་དེ་དག་ལ། ༢༠ རྒྱ་སྒོ་འདི་དག་ནས་འཛུལ་བའི་ཀྱེ་ཡ་ཧུ་དཱའི་རྒྱལ་པོ་རྣམས་དང་། ཡ་ཧུ་དཱ་ཡོད་དོ་ཅོག་དང་། ཡེ་རུ་ཤ་ལེམ་པ་ཐམས་ཅད། ཡ་ཧོ་ཝཱའི་བཀའ་ལུང་ལ་ཉོན་ཞིག ༢༡ ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཅག་རང་སྲོག་ལ་བྱ་ར་གྱིས་ཤིག ཤབ་བཱད་ཀྱི་ཞག་ལ་ཁལ་ཡང་མ་ཁུར་ཞིག ཡེ་རུ་ཤ་ལེམ་གྱི་རྒྱ་སྒོ་རྣམས་ནས་ཀྱང་ནང་དུ་མ་ཁྱེར་ཞིག ༢༢ ཤབ་བཱད་ཀྱི་ཞག་ལ་རང་གི་ཁྱིམ་གྱི་ནང་ནས་ཀྱང་ཕྱི་རུ་ཁལ་མ་སྐྱེལ་ཞིག ལས་ཅིའང་མ་བྱེད་པར། ངས་ཁྱོད་ཅག་གི་ཕ་མེས་རྣམས་ལ་བསྒོ་བ་ལྟར། ཤབ་བཱད་དེ་དམ་པར་རྩིས་ཤིག ༢༣ འོན་ཀྱང་དེ་དག་གིས་བཀར་མ་ཉན་པར། རྣ་བའང་མ་བཏུད་དེ། མི་ཐོས་པ་དང་། གདམས་ངག་མི་བླང་བའི་དོན་དུ། དེ་དག་གིས་རང་གི་གཉའ་བ་རེངས་པར་བྱས་སོ། ༢༤ ཡང་ཡ་ཧོ་ཝཱས་གསུང་། ཇི་སྟེ་ཁྱོད་ཀྱིས་སྙིང་ནས་ང་ལ་ཉན་ཞིང་། ཤབ་བཱད་ཞག་གྲོང་ཁྱེར་འདིའི་རྒྱ་སྒོ་རྣམས་ལས་ཁལ་ནང་དུ་མི་སྐྱེལ་བར། དེའི་ཉིན་པར་ལས་གང་ཡང་མི་བྱེད་པར། ཤབ་བཱད་དམ་པར་རྩི་ན། ༢༥ དེ་ནས་དཱ་བིད་ཀྱི་རྒྱལ་ཁྲིར་འཁོད་པའི་རྒྱལ་པོ་རྣམས་དང་དཔོན་པོ་རྣམས་ཤིང་རྟ་དང་རྟ་ལ་ཞོན་ནས་ཡ་ཧུ་དཱ་པ་དང་ཡེ་རུ་ཤ་ལེམ་པ་རྣམས་དང་བཅས་ཏེ་གྲོང་ཁྱེར་འདིའི་རྒྱ་སྒོ་རྣམས་ལས་ནང་དུ་འཛུལ་བར་འགྱུར་ཞིང་། གྲོང་ཁྱེར་འདི་གཏན་དུ་ལུས་པར་འགྱུར། ༢༦ ཡང་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ཉེ་འཁོར་དང་། བེན་ཡ་མིན་གྱི་ཡུལ་དང་། མདོ་རྣམས་དང་། ཕུ་རྣམས་དང་། ལྷོ་ཡུལ་ལས་སྦྱིན་སྲེག་དང་། མཆོད་པ་དང་། ཚོགས་མཆོད་རྣམས་དང་། བདུག་སྤོས་དང་། གཏང་རག་གི་མཆོད་པ་རྣམས་ཐོགས་ནས། ཡ་ཧོ་ཝཱའི་ཕོ་བྲང་དུ་འོང་བར་འགྱུར། ༢༧ འོན་ཇི་སྟེ་ཁྱོད་ཤབ་བཱད་དམ་པར་མི་རྩི་ཞིང་། ཁལ་ཐོགས་ནས་ཤབ་བཱད་ཞག་ཡེ་རུ་ཤ་ལེམ་གྱི་རྒྱ་སྒོ་ལས་འཇུག་ཅིང་། ང་ལ་མ་ཉན་ན། དེ་ནས་ཡེ་རུ་ཤ་ལེམ་གྱི་ཕོ་བྲང་རྣམས་སྲེག་ཅིང་། གསོད་མི་ཐུབ་པའི་མེ་ཞིག་ངས་དེའི་རྒྱ་སྒོ་རྣམས་ན་སྤར་བར་བྱའོ་གསུང་ངོ་༎