༡༦
དེ་ནས་ཡང་ཡ་ཧོ་ཝཱའི་བཀའ་བདག་ལ་བྱུང་ནས་འདི་སྐད་གསུང་།  གནས་འདིར་ཁྱོད་ལ་བུ་དང་བུ་མོ་འབྱོར་དུ་ཆུང་མ་མ་བླང་ཞིག  དེ་ཅིའི་ཕྱིར་ཞེ་ན། གནས་འདིར་བཙས་པའི་བུ་དང་བུ་མོ་རྣམས་དང་། དེ་དག་བཙས་པའི་མ་རྣམས་དང་། དེ་དག་ཡུལ་འདིར་བསྐྱེད་པའི་ཕ་རྣམས་ཀྱི་ཕྱིར་ཡ་ཧོ་ཝཱས་འདི་སྐད་གསུང་།  དེ་དག་དྲག་ཟུག་གིས་འཆི་བར་འགྱུར་ཏེ། སུས་ཀྱང་དེ་དག་གི་ཕྱིར་མྱ་ངན་མི་བྱ། སྐུང་བར་ཡང་མི་བྱའི། སའི་ངོས་སུ་ལྕི་བ་ལྟར་ལུས་པར་འགྱུར། རལ་གྲི་དང་མུ་གེས་དེ་དག་མེད་པར་བྱ། ཡང་དེ་དག་གི་རོ་ནི་གནམ་གྱི་བྱ་དང་། སའི་གཅན་གཟན་གྱི་ཁ་ཟས་སུ་འགྱུར་བར་འགྱུར་རོ།  གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། སྨྲེ་སྔགས་ཀྱི་ཁྱིམ་དུའང་མ་ཞུགས་ཤིག དེ་དག་གི་ཕྱིར་མྱ་ངན་དང་། ཆོ་ངེས་བྱེད་དུ་མ་འགྲོ་ཞིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་དུ། ངས་མི་སྡེ་འདི་ལས་ཉིད་ཀྱི་ཞི་བདེ་མ་ཟད། བྱམས་ཐུགས་དང་ཐུགས་རྗེ་ཡང་འཐེན་ནས་འཁྱེར་པ་ཡིན་གསུང་།  ཡུལ་ཁམས་འདིའི་དྲག་ཞན་གཉིས་པོ་འཆིའི། དེ་དག་སྐུང་བར་ཡང་མི་འགྱུར། དེ་དག་གི་ཕྱིར་མྱ་ངན་ཡང་བྱེད་པར་མི་འགྱུར། རང་རྨས་པར་ཡང་མི་བྱ། དེ་དག་གི་ཕྱིར་སྐྲ་ཡང་འབྲེག་པར་མི་འགྱུར།  གཤིན་པོའི་ཕྱིར་སེམས་གསོ་བར་མྱ་ངན་བྱེད་པ་དག་གི་དོན་དུ་སུས་ཀྱང་བག་ལེབ་ཀྱང་མི་གཅག དེ་དག་གི་ཕའམ་མའི་དོན་དུ་འཐུང་རྒྱུ་སྙིང་རུས་འཇུག་པའི་ཕོར་པའང་སྦྱིན་པར་མི་འགྱུར།  དེ་དག་དང་ལྷན་ཅིག་ཏུ་བསྡད་དེ་ཟ་བ་དང་འཐུང་བ་ལ། ཁྱོད་དེ་དག་གི་མགྲོན་བྱེད་པའི་ཁྱིམ་ནང་མ་ཞུགས་ཤིག  དེ་ཅི་ལ་ཟེར་ན། དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས་ཤིག ཁྱོད་ཀྱི་མཐོང་ངོར་ཁྱོད་ཀྱི་དུས་སུའང་གནས་འདི་ལས་དགའ་བའི་སྐད་དང་། སེམས་སྐྱིད་པའི་སྐད་དང་། བག་པོའི་སྐད་དང་། བག་མའི་སྐད་དེ་མེད་པར་བྱ་བའི་ཕྱིར་རོ༎
༡༠ དེ་ནས་ཁྱོད་ཀྱིས་མི་སྡེ་འདི་ལ་ཚིག་འདི་ཀུན་སྟོན་པའི་ཚེ། དེ་དག་གིས་ཁྱོད་ལ། ཡ་ཧོ་ཝཱས་ངེད་ཅག་གི་དོན་དུ་བར་ཆད་ཆེན་པོ་འདི་ཀུན་ཅི་ལ་གསུངས་པ་ལགས། ཡང་ན། ངེད་ལ་སྐྱོན་ཅི་འདུག ཡང་ན། ངེད་ཅག་གིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བྱས་པའི་ཉེས་སྡིག་ཅི་ཡོད་ཅེས་འདྲི་བའི་ཚེ། ༡༡ ཁྱོད་ཀྱིས་དེ་དག་ལ། དེའི་རྒྱུ་མཚན་ནི། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཅག་གི་ཕ་མེས་རྣམས་ཀྱིས་ང་བསྐྱུར་ཏེ། ལྷ་གཞན་དག་གི་ཕྱི་བཞིན་བྲངས་ཏེ། དེ་དག་ལ་རིམ་གྲོ་དང་བསྙེན་བཀུར་བྱས་ནས། ཁོ་བོ་བསྐྱུར་ནས། ངའི་བཀའ་རྒྱ་དེའང་མ་སྲུངས་སོ། ༡༢ ང་ལ་མི་ཉན་པའི་ཕྱིར་ཁྱོད་རེ་རེ་བཞིན་རང་རང་གི་སྙིང་མཁྲེགས་པོའི་ཕྱི་བཞིན་འགྲུལ་བའི་རྐྱེན་གྱིས། ཀྱེ་ཧོ། ཁྱོད་ཅག་གིས་རང་གི་ཕ་མེས་ལས་ཀྱང་ངན་པ་བྱས་པས། ༡༣ ཁྱོད་ཚོ་ཡུལ་འདིའི་ནང་ནས་ཁྱོད་དང་ཁྱོད་ཀྱི་མེས་པོས་ཀྱང་མི་ཤེས་པའི་ཡུལ་ཞིག་ཏུ་ངས་སྐྲོད་པར་བྱ། ངས་ཁྱོད་ཅག་ལ་ཐུགས་མི་བརྩེ་བས། དེར་ཁྱོད་ཅག་གིས་ཉིན་མཚན་མེད་པར་ལྷ་གཞན་རྣམས་ལ་རིམ་གྲོ་བྱེད་པར་འགྱུར་རོ༎
༡༤ དེ་བས་ན་ཀྱེ་ཧོ། ཡ་ཧོ་ཝཱས་འདི་སྐད་གསུང་། ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་གྱི་ནང་ནས་དྲངས་པའི་ཡ་ཧོ་ཝཱ་གསོན་པོའོ་ཞེས་མི་ཟེར་བར། ༡༥ ཨིས་ར་ཨེལ་གྱི་བུ་རྣམས་བྱང་གི་ཡུལ་དང་། ཁོང་གིས་བསྐྲད་པའི་ཡུལ་ཀུན་གྱི་ནང་ནས་དྲངས་པའི་ཡ་ཧོ་ཝཱ་གསོན་པོའོ་ཞེས་བརྗོད་པར་བྱ་བའི་དུས་ལ་འབབ་ཀྱིན་འདུག ཡང་ངས་ཁོ་རྣམས་དེ་དག་གི་ཕ་མེས་ལ་བསྟེར་བའི་རང་ཡུལ་དུ་སླར་འཁྲིད་པར་བྱའོ༎
༡༦ ཀྱེ་ཧོ། ངས་ཉ་པ་མང་པོ་ལ་མངག་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་། ཡང་དེ་དག་གིས་དེ་རྣམས་ཉ་བཞིན་འཛིན་པར་འགྱུར། དེའི་རྗེས་སུ་ངས་ཁྱི་ར་པ་མང་པོ་ལ་མངག་པར་བྱ། ཡང་དེ་དག་གིས་རི་ཐམས་ཅད་དང་། རི་ཏོབ་ཐམས་ཅད་དང་། བྲག་ཁུང་རྣམས་ལས་དེ་དག་འཆོར་བར་འགྱུར། ༡༧ དེ་ཅི་ལ་ཟེར་ན། དེ་དག་གི་ལམ་ཀུན་ངའི་གཟིགས་ངོར་གདའ་སྟེ། དེ་དག་ངའི་ཞལ་རས་ཀྱི་ལྐོག་ནའང་མེད། ངའི་སྤྱན་ལས་དེ་དག་གི་མི་དགེ་བ་སྦས་ནས་ཀྱང་མེད། ༡༨ ཡང་ཁོ་རྣམས་ཀྱིས་ངའི་ཡུལ་ཁམས་བརླགས་བཅུག་ནས། དེ་དག་གི་ཞེན་ལོག་གི་རོ་དང་། རྫས་མི་གཙང་བ་རྣམས་ཀྱིས་ངའི་ནོར་སྐལ་གྱི་ཡུལ་བཀང་བས། ངས་སྔོན་དུ་དེ་དག་གི་མི་དགེ་བ་དང་སྡིག་པའི་ལན་ཉི་ལྡབ་འཇལ་བར་བྱའོ༎
༡༩ ཀྱེ་ཡ་ཧོ་ཝཱ། ངའི་མཐུ་སྟོབས། ངའི་རྫོང་། སྡུག་བསྔལ་དུས་སུ་ཁྱེད་ངའི་སྐྱབས་གནས་ལགས། ས་མཐའ་རྣམས་ལས་མི་བརྒྱུད་རྣམས་ཁྱེད་ཀྱི་དྲུང་དུ་འོང་ཞིང་། ངེད་ཀྱི་ཕ་མེས་རྣམས་ཀྱིས་རྫུན་དང་། སྙིང་པོ་མེད་པ་དང་། ཕན་དོན་ཅིའང་མེད་པ་རྣམས་འབབ་ཞིག་བདག་ཏུ་བཟུང་བ་ནི་བདེན་ནོ། ཞེས་ཞུ་བར་འགྱུར། ༢༠ མིས་དཀོན་མཆོག་མིན་པའི་དཀོན་མཆོག་རྣམས་རང་གི་དོན་དུ་བྱེད་དམ། ༢༡ དེས་ན་ལྟོས། འདི་རེས་ངས་དེ་དག་ལ་སྟོན་པར་བྱ། ངའི་ཕྱག་དང་མཐུ་སྟོབས་སྟོན་པར་བྱ། དེ་ནས་དེ་དག་གིས་ངའི་མཚན་ནི་ཡ་ཧོ་ཝཱ་ལགས་པ་རྟོགས་པར་འགྱུར་རོ༎