༡༥
དེ་ནས་ཡ་ཧོ་ཝཱས་བདག་ལ་འདི་སྐད་གསུང་། མོ་ཤེ་དང་ཤ་མུ་ཨེལ་གཉིས་པོའང་ངའི་དྲུང་དུ་འགྲེང་རུང་། ངའི་སེམས་ནི་མི་སྡེ་འདིའི་ཕྱོགས་སུ་སྒྱུར་མི་ནུས། ངའི་གཟིགས་ངོ་ནས་འདི་དག་མེད་པར་བྱོས་ཤིག ཕར་སྐྲོད་ཅིག  ཡང་དེའི་འོག་ཏུ་འབྱུང་རྒྱུ་ནི། དེ་དག་གིས་ཁྱོད་ལ། ངེད་གར་འགྲོ་བར་བྱ། ཞེས་འདྲི་དུས་སུ། ཁྱོད་ཀྱིས་དེ་དག་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། འཆི་བའི་ཕྱིར་ཡིན་པ་དག་འཆི་བ་དང་། རལ་གྲིའི་ཕྱིར་ཡིན་པ་དག་རལ་གྲི་དང་། མུ་གེའི་ཕྱིར་ཡིན་པ་དག་མུ་གེ་དང་། བཙོན་གྱི་ཕྱིར་ཡིན་པ་དག་བཙོན་ལ་སོང་ཞིག ཅེས་སྨྲོས་ཤིག  ཡང་ངས་དེ་དག་གི་ཐོག་ཏུ་ལུགས་བཞི་འབེབས་པར་བྱའོ་ཡ་ཧོ་ཝཱས་གསུང་། གསོད་དུ་རལ་གྲི་དང་། འདྲུད་དུ་ཁྱི་དང་། ཟ་བ་དང་མེད་པར་བྱེད་དུ་གནམ་གྱི་འདབ་ཆགས་དང་། སའི་གཅན་གཟན་རྣམས་དང་བཞིའོ།  ཡང་ཧིས་ཀི་ཡཱའི་བུ་མ་ན་ཤེ་བྱ་བའི་ཡ་ཧུ་དཱའི་རྒྱལ་པོས་ཡེ་རུ་ཤ་ལེམ་ན་བྱས་པའི་ལས་ཀྱི་རྐྱེན་གྱིས། ངས་འདི་རྣམས་སའི་རྒྱལ་ཁམས་ཀུན་གྱི་ནང་དུ་འབྱེར་བར་བྱའོ༎
 ཀྱེ་ཡེ་རུ་ཤ་ལེམ། ཁྱོད་ལ་སུས་སྙིང་རྗེ་བར་འགྱུར། ཡང་ན། སུས་ཁྱོད་ཕྱིར་མྱ་ངན་བྱ། ཡང་ན། ཁྱོད་ལ་འདྲི་མཁན་སུ་འོང་བར་འགྱུར།  ཁྱོད་ཀྱིས་ང་སྤངས་ནས། ཁྱོད་རྒྱབ་ལོག་ནས་སོང་བ་ཡིན་ཞེས་ཡ་ཧོ་ཝཱས་གསུང་། དེའི་ཕྱིར་ཁྱོད་ཀྱི་ཐོག་ཏུ་ངའི་ཕྱག་བཏེགས་ཏེ། ཁྱོད་མེད་པར་བྱ། འགྱོད་པ་ལའང་ཐུགས་བསུན་བྱུང་།  ངས་ཡུལ་ཁམས་ཀྱི་རྒྱ་སྒོ་རྣམས་ལ་དེ་རྣམས་བཀྲབ་གཞོང་གིས་གསིག་པར་བྱས། དེ་དག་ལས་ཕྲུ་གུ་རྣམས་འཕྲལ་བར་བྱས། ངས་ཉིད་ཀྱི་མི་སྡེ་མེད་པར་བྱས། གང་ལ་ཞེ་ན། དེ་དག་རང་གི་ལམ་རྣམས་ལས་མི་སྒྱུར་བས་སོ།  རྒྱ་མཚོའི་བྱེ་མ་བས་ནི་དེ་དག་གི་མོ་རང་མོའི་གྲངས་ངའི་དྲུང་ན་མང་བར་སོང་། ངས་ཉིན་གུང་དུ་གཞོན་ནུའི་མ་རྣམས་ཀྱི་ཐོག་ཏུ་འཇོམས་བྱེད་ཅིག་དྲངས་པ་ཡིན། བློ་བུར་དུ་མོའི་ཐོག་ཏུ་སྲོག་གཟེར་དང་འཇིགས་པ་རྣམས་ཕབ་པ་ཡིན།  བདུན་བཙས་པ་དེ་ཉམས་ཐག་པར་གྱུར་ཏེ་ཤིའོ། ཉིན་མོའི་དུས་སུ་དེའི་ཉི་མ་ཡོལ་བས། མོ་སྐྱེངས་ཤིང་ངོ་ཚ་བར་གྱུར་ཏོ། ངས་དེ་དག་གི་ཕྱི་ལུས་ནི་དེ་དག་གི་དགྲའི་རལ་གྲིར་གཏོད་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༠ བདག་བརླགས་བྱུང་། བདག་འཁྲུག་བྱེད་ཀྱི་སྐྱེས་པ་དང་། ས་གཞི་ཐམས་ཅད་ནང་ཀུན་དང་མི་མཐུན་པའི་མིར་འགྱུར་དུ་ང་བཙས་པའི་ཀྱེ་ངའི་མ། ངས་སྐྱེད་ཀྱི་ཕྱིར་བུ་ལོན་ཡང་མ་བཏང་། ཡང་སྐྱེད་ལ་བུ་ལོན་བླངས་པའང་མིན་གྱིས། དེ་དག་གི་ནང་ནས་མི་རེ་རེས་ང་ལ་དམོད་ཟོར་འདེབས་སོ༎
༡༡ ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་བདེ་བའི་དོན་དུ་ངས་ཁྱོད་ལ་བདེན་པར་སྟོབས་སྟེར་བར་བྱ། བར་ཆད་དང་སྡུག་བསྔལ་བའི་ཚེ། ཕ་རོལ་པ་ཁྱོད་ལ་ཞུ་འབུལ་བྱེད་དུ་འཇུག་པར་བྱའོ། ༡༢ ལྕགས་སམ། བྱང་གི་ལྕགས་དང་ར་གན་སུས་གཅོག་པར་ནུས། ༡༣ ཁྱོད་ཀྱི་ནོར་དང་གཏེར་རྣམས་ནི། རིན་མེད་དུ། ཁྱོད་ཀྱི་སྡིག་པ་ཐམས་ཅད་ཀྱི་སླད་དུ་འཕྲོག་ཏུ་གཞུག ཁྱོད་ཀྱི་ས་མཚམས་ཀུན་ཏུའང་དེ་འདྲ་འབྱུང་བར་འགྱུར། ༡༤ ཁྱོད་རང་གི་ཕ་རོལ་པ་དང་མཉམ་དུ། ཁྱོད་ལ་ཆ་མེད་པའི་ཡུལ་ཞིག་ཏུ་ཁྱོད་འགྲོར་གཞུག་གོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་སྲེག་བྱའི་མེ་ཞིག་ངའི་ཁྲོའི་ནང་ནས་འབར་བར་གྱུར་པའི་ཕྱིར་རོ༎
༡༥ ཀྱེ་ཡ་ཧོ་ཝཱ། ཁྱེད་མཁྱེན་མཁན་ལགས། བདག་ཐུགས་སུ་དྲན་ཞིང་། ངའི་རྩར་ཕེབས་པར་མཛོད། བདག་ལ་འཚེ་བ་རྣམས་ལས་ངའི་དགྲ་རྩོད་གྲོགས་མཛོད། ཁྱེད་ཐུགས་སྣ་རིང་བའི་ངང་ནས། བདག་འཁྱེར་བར་མ་མཛད་ཅིག ཁྱེད་ཀྱི་དོན་དུ་ངས་སྨད་སྒྲ་བཀུར་པ་དེ་མཁྱེན་པར་མཛོད། ༡༦ ཁྱེད་ཀྱི་གསུང་རྣམས་ཐོབ་ནས་ངས་དེ་ཟོས། ཁྱེད་ཀྱི་གསུང་ནི་ངའི་སྙིང་ལ་དགའ་སྤྲོ་དང་ཡིད་མགུ་བ་ལགས་པ་ཡིན། གང་ལ་ཞེ་ན། ཀྱེ་ཡ་ཧོ་ཝཱ། དཔུང་ཆེན་རྣམས་ཀྱི་དཀོན་མཆོག བདག་ཁྱེད་ཀྱི་མཚན་གྱིས་བསྒྲགས་པས་སོ། ༡༧ བདག་འདོད་ཡོན་ཅན་གྱི་མིའི་ཚོགས་ནང་དུའང་མ་བསྡད། དེ་དག་མཉམ་སྐྱིད་པོའང་མ་བྱས། ཁྱེད་ཀྱིས་ང་ཁྲོས་ཁེངས་པས། ཁྱེད་ཀྱི་ཕྱག་གིས་རྐྱེན་ཏེ། ང་གཅིག་པུར་བསྡད་པ་ཡིན། ༡༨ ངའི་ཟུག་གཟེར་གཏན་དུ་ལུས་པ་དེ་ཅི་ལགས། གསོ་བ་མི་འདོད་པའི་ངའི་རྨ་ལ་དྲག་ཟུག་བྱུང་བ་དེ་ཅི་ལགས། ཁྱེད་ང་ལ་ངོ་ཐོག་ཆུ་མི་རྟག་པའི་ཟོལ་ཟོག་གི་གྲོག་པོ་དང་འདྲ་བར་གྱུར་ཏོ༎
༡༩ དེའི་ཕྱིར་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ཇི་སྟེ་ཁྱོད་ལོག་འོང་ན། ངས་ཀྱང་ཁྱོད་ཡང་སྐྱར་ངའི་ཞལ་ངོར་འགྲེང་དུ་འཁྲིད་པར་བྱའོ། ཡང་གལ་ཏེ་ཁྱོད་ཀྱིས་རུལ་བ་ལས་ནོར་བུ་དེ་འདོན་ན། ཁྱོད་ངའི་ཞལ་དང་འདྲ་བར་འགྱུར་བར་འགྱུར། དེ་དག་ཁྱོད་ཕྱོགས་ལོག་འོང་དགོས་ཀྱིས། ཁྱོད་དེ་དག་གི་ཕྱོགས་སུ་མ་ལོག་ཅིག ༢༠ ཡང་ངས་ཁྱོད་ནི་མི་སྡེ་འདིའི་ངོར་རག་གི་ལྕགས་རི་བརྟན་པོར་བྱ་བས། དེ་ཚོས་ཁྱོད་ལ་འཐབ་ཀྱང་། ཁྱོད་ལ་ཐུབ་པར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁྱོད་སྐྱོབ་ཅིང་སྒྲོལ་བའི་ཕྱིར་ང་ཁྱོད་དང་འགྲོགས་སོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༡ ཡང་ངས་ཁྱོད་སྡིག་སྤྱོད་ཀྱི་ལག་པ་ལས་སྒྲོལ་ཞིང་། དྲག་ཤུལ་ཅན་རྣམས་ཀྱི་ལག་པ་ལས་སྐྱོབ་པར་བྱའོ༎