༡༢
ཀྱེ་ཡ་ཧོ་ཝཱ། ངས་འཁྲབ་གླེང་བྱེད་དུས་སུ་ཁྱེད་ཐུགས་དྲང་བ་ལགས་ཀྱང་། ཁྱེད་ཀྱི་ཞལ་ཆེ་གཅོད་ལུགས་ཀྱི་སྐོར་དུ་ང་ལ་ཞུ་གླེང་བྱེད་དུ་ཆུག་ཅིག ཆོས་མེད་མི་ནི་རང་གི་ལམ་ནང་མགོ་འཐོན་པ་དེ་ཅི་ལགས། རབ་ཏུ་ལོག་པར་བྱེད་མཁན་ཐམས་ཅད་སྐྱིད་པ་དེ་ཅི་ལགས། ༢ ཁྱེད་ཀྱིས་དེ་རྣམས་བཙུགས་ནས། དེ་རྣམས་ཀྱིས་རྩ་བའང་བརྐྱངས་ཏེ་སྐྱེ། འོ་ན། འབྲས་བུའང་འཁུར། ཁྱེད་དེ་དག་གི་ཁ་ནང་ཉེ་ཡང་། དེ་དག་གི་མཁལ་མ་ལས་རྒྱང་རིང་ངོ་། ༣ འོན་ཀྱང་ཀྱེ་ཡ་ཧོ་ཝཱ། ཁྱེད་ལ་ངའི་ཐུགས་རྒྱུས་ཡོད། ང་ལ་གཟིགས་ནས། ཁྱེད་ཀྱི་ཕྱོགས་སུ་ཡོད་པའི་ངའི་སྙིང་དེ་སད་པར་མཛད། གསོད་དུ་འཁྱེར་བའི་ལུག་ལྟར་དེ་རྣམས་ཕྱི་རོལ་དུ་འདྲུད་པར་མཛད་དེ། གསོད་གཅོད་ཀྱི་ཞག་གི་ཕྱིར་དེ་རྣམས་སོ་སོར་ཕྱེས་ཤིག ༤ དུས་ནམ་གྱི་བར་དུ་གཞི་མའི་ངན་པས་རྐྱེན་ཏེ། ཡུལ་གྱིས་མྱ་ངན་བྱེད་ཅིང་། ཡུལ་ཧྲིལ་པོའི་སྔོ་རྣམས་རྙིད་པར་འགྱུར། དུད་འགྲོ་དང་འདབ་ཆགས་ཀྱང་མེད་པར་གྱུར་ཏོ། དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་ངེད་ཅག་གི་མཇུག་དེ་གཟིགས་པར་མི་འགྱུར་རོ། ཞེས་དེ་དག་གིས་སྨྲས་སོ༎༥ ཇི་སྟེ་ཁྱོད་རྐང་ཐང་པ་རྣམས་མཉམ་བརྒྱུགས་ནས། དེ་དག་གིས་ཁྱོད་ཐང་ཆད་བཅུག་ཡོད་ན། དེ་ནས་ཁྱོད་རྟ་རྣམས་དང་ཇི་ལྟར་འགྲན་པར་ནུས། ཡང་ཞི་བདེའི་ཡུལ་ཁམས་ཀྱི་ནང་ན་ཁྱོད་བརྟན་ཡང་། སྦོས་པའི་ཡོར་དན་གྱི་ནང་དུ་ཇི་ལྟར་བྱ། ༦ དེའང་ཁྱོད་རང་གི་སྤུན་ཟླ་རྣམས་དང་། ཁྱོད་ཀྱི་ཕ་ཚན་གྱིས་ཀྱང་ཁྱོད་ལ་ལོག་པར་བྱས་ཏེ། ཁྱོད་ཀྱི་རྒྱབ་ནས་སྐད་ཆེན་པོས་ཀི་ཀི་བཏང་། དེ་ཚོས་ཁྱོད་ལ་སྙན་པའི་གཏམ་ཟེར་ནའང་། ཡིད་མ་ཆེས་ཤིག
༧ ངས་ཉིད་ཀྱི་ཁྱིམ་སྤངས་ཏེ། ང་ཉིད་ཀྱི་ནོར་སྐལ་དོར་བ་ཡིན། ངའི་སེམས་ཀྱི་རབ་ཏུ་ཉེ་མོ་ནི་མོའི་དགྲའི་ལག་པར་བཏད་པ་ཡིན། ༨ ང་ལ་ངའི་ནོར་སྐལ་དེ་ནགས་ཀྱི་སེང་གེ་དང་འདྲ་བར་གྱུར་ཏེ། སྐད་ཆེན་པོས་ང་ལ་ང་རོ་འདོན་པས། ངས་དེ་ལ་སྡང་བར་བྱེད། ༩ ང་ལ་ངའི་ནོར་སྐལ་ནི་གཅན་གླག་ཁྲ་བོ་དང་འདྲ་སྟེ། དེའི་ཕྱོགས་བཞིར་ཡོད་པའི་གཅན་གླག་གིས་དེ་ལ་སྡང་བར་མི་བྱེད་དམ། སོང་ལ། རིའི་གཅན་གཟན་ཐམས་ཅད་སྡུས་ཤིག དེ་ཟ་བ་ལ་དེ་དག་དྲོངས་ཤིག ༡༠ རྫི་བོ་དུ་མས་ངའི་རྒུན་ཚལ་བཤིག་སྟེ། ངའི་ཟ་སྐལ་རྡོག་རྫིས་སུ་བཏང་ནས། ངའི་སྐལ་བ་སྙིང་སྡུག་དེ་བཤིག་ནས་འབྲོག་སྟོང་དུ་བྱས། ༡༡ དེ་དག་གི་སྟོངས་སུ་བཅུག་ནས་དེ་སྟོངས་པས། དེས་ང་ལ་འོ་དོད་འདོན། སུས་ཀྱང་བསམ་མནོ་མི་གཏོང་བས། ཡུལ་ཁམས་ཐམས་ཅད་སྟོངས་ནས་འདུག ༡༢ འབྲོག་སྟོང་གི་སྒང་ཁ་ཐམས་ཅད་ནས་འཇོམས་བྱེད་དེ་རྣམས་འོང་བར་བྱེད། གང་ལ་ཞེ་ན། ཡ་ཧོ་ཝཱའི་རལ་གྲིས་ཡུལ་ཁམས་ཀྱི་མགོ་ནས་མཇུག་གི་བར་དུ་ཞལ་དུ་མཆོད་དེ། ལུས་ཅན་གང་ལའང་ཞི་བདེ་མེད་དོ། ༡༣ དེ་ཚོས་གྲོ་བཏབས་ཀྱིས། ཚེར་མ་བསྡུས། དེ་དག་གིས་འབད་ཀྱང་། ཕན་མི་ཐོགས། ཡ་ཧོ་ཝཱའི་ཐུགས་ཁྲོ་དྲག་པོའི་སྟབས་ཀྱིས། ཁྱོད་རང་གི་འབྲས་བུ་རྣམས་ཀྱིས་ངོ་ཚ་བར་འགྱུར།
༡༤ ངས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་ལ་ནོར་སྐལ་དུ་བཏང་བའི་ནོར་སྐལ་ལ་ལག་པས་རེག་པའི་ཕྲན་གྱི་ཁྱིམ་མཚེས་ངན་པ་ཐམས་ཅད་ཀྱི་སྐོར་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་དེ་རྣམས་རང་གི་ཡུལ་ཁམས་ལས་བཏོན་ཏེ། དེ་དག་གི་ཁྲོད་ནས་ཡ་ཧུ་དཱའི་ཕ་སྤད་བཏོན་ནས་འཁྱེར་བར་བྱའོ། ༡༥ ཡང་ངས་དེ་དག་བཏོན་ཟིན་པའི་འོག་ཏུ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། དེ་དག་གི་མདུན་དུ་འཁོར་ཞིང་ངས་བརྩེ་བར་བྱའོ། དེ་ནས་མི་ཚང་མ་རང་གི་ནོར་སྐལ་དང་། རེ་རེ་བཞིན་རང་གི་ཡུལ་དུ་སླར་ཡང་འཁྱེར་འོང་བར་བྱའོ། ༡༦ དེ་ནས་ཇི་ལྟར་དེ་དག་གིས་ཁོ་བོའི་མི་སྡེ་ལ་བ་ཨཱལ་གྱི་མནའ་སྐྱེལ་བ་བསླབ་པ་བཞིན་དུ། ཡ་ཧོ་ཝཱ་གསོན་པོའི་ཞེས་པའི་ངའི་མཚན་གྱིས་མནའ་སྐྱེལ་བ་ལ། ངའི་མི་སྡེའི་ཚུལ་དེ་བརྩོན་འགྲུས་གྱིས་བསླབ་ན། དེ་ནས་དེ་དག་ངའི་མི་སྡེའི་ནང་དུ་ཡར་བཞེང་བར་འགྱུར། ༡༧ འོན་ཇི་སྟེ་དེ་དག་མ་ཉན་ན། ངས་མི་བརྒྱུད་དེའི་རྩ་བ་འབྱིན་ཞིང་། ཕུད་དེ་ཚར་དུ་གཅད་དོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎