༡༣
ཡ་ཧོ་ཝཱས་བདག་ལ། སོང་ལ། རང་གི་ཕྱིར་ཀ་ཤི་ཀའི་སྐ་རགས་ཤིག་ཉོས་ཏེ། རྐེད་པར་དཀྲིས་ཤིག ཡང་དེ་ཆུའི་ནང་དུ་མ་ཆུག་ཅིག་གསུངས་པ་ལྟར། ༢ ངས་ཡ་ཧོ་ཝཱའི་བཀའ་བཞིན་དུ་སྐ་རགས་ཤིག་ཉོས་ཏེ། རང་གི་རྐེད་པ་ལ་དཀྲིས་པ་ཡིན། ༣ ཡང་བདག་ལ་ལན་གཉིས་པར་ཡ་ཧོ་ཝཱའི་བཀའ་བྱུང་ནས་འདི་སྐད་དུ། ༤ རང་གི་རྐེད་ལ་ཡོད་པའི་སྐ་རགས་ཁྱོད་ཀྱིས་ཉོས་པ་དེ་འཁུར་ནས་ལོངས་ཤིག་དང་། ཡུབ་རཱད་དུ་སོང་སྟེ། བྲག་སྲུབ་ཅིག་གི་ནང་དུ་སྦེད་ཅིག་གསུངས་པ་ལགས། ༥ ཡ་ཧོ་ཝཱའི་བཀའ་བཞིན་དུ་བདག་སོང་ནས་ཡུབ་རཱད་ཀྱི་གཙང་འགྲམ་དུ་དེ་སྦས་བཞག་པ་ཡིན། ༦ ཡང་དེ་ནས་ཞག་མང་པོའི་འོག་ཏུ་ཡ་ཧོ་ཝཱས་བདག་ལ། ལོངས་ལ། ཡུབ་རཱད་དུ་སོང་ཞིག་དང་། བདག་གི་བཀའ་བཞིན་ཁྱོད་ཀྱིས་དེར་སྦས་བཞག་པའི་སྐ་རགས་དེ་བློངས་ཤིག་ཅེས་བསྒོ་བ་ལས། ༧ བདག་ཡུབ་རཱད་དུ་སོང་ནས། ངས་སྦས་བཞག་ས་དེ་བྲུས་ནས་བཏོན་པ་དང་། ལྟོས་ཤིག སྐ་རགས་དེ་ཅི་ལའང་མི་ཕན་པ་ཙམ་དུ་མི་འདོད་པར་སོང་ཡོད་པ་ཡིན།༨ དེ་ནས་བདག་ལ་ཡ་ཧོ་ཝཱའི་བཀའ་བྱོན་ནས་འདི་སྐད་དུ། ༩ ཡ་ཧོ་ཝཱས་འདི་སྐད་གསུང་། ཚུལ་འདི་བཞིན་དུ་ངས་ཡ་ཧུ་དཱའི་ང་རྒྱལ་དང་། ཡེ་རུ་ཤ་ལེམ་གྱི་རང་མཐོང་ཆེན་པོ་དེ་མི་འདོད་པར་བྱའོ། ༡༠ ངའི་གསུང་ལ་ཉན་པར་མི་བྱ་ཟེར་བ་དང་། རང་གི་སྙིང་གྱོང་པོའི་ནང་ན་འགྲུལ་དང་། ལྷ་གཞན་རྣམས་ཀྱི་ཕྱི་བཞིན་འབྲང་ཞིང་རྟེན་ཏེ། དེ་དག་ལ་ཕྱག་འཚལ་བའི་མི་སྡེ་ངན་པ་འདི་ཡང་ཅི་ལའང་མི་ཕན་པའི་སྐ་རགས་འདི་དང་འདྲ་བར་འགྱུར་བར་འགྱུར་རོ། ༡༡ དེ་ཅིའི་ཕྱིར་ཞེ་ན། མིའི་རྐེད་པ་ལ་སྐ་རགས་འབྱར་བ་ལྟར། ཨིས་ར་ཨེལ་གྱི་མི་བརྒྱུད་ཐམས་ཅད་དང་། ཡ་ཧུ་དཱའི་མི་བརྒྱུད་ཐམས་ཅད་ང་ལ་མི་སྡེ་ཞིག་དང་། མིང་དང་། སྟོད་པ་དང་། ལྷན་ནེ་བར་འགྱུར་དུ་ངས་རང་ལ་སྦྱར་བར་བྱས་ཀྱིས། དེ་དག་ཉན་པར་མ་འདོད་དོ༎
༡༢ དེའི་ཕྱིར་ཁྱོད་ཀྱིས་དེ་དག་ལ་འདི་ལྟར་གཏམ་བྱོས་ཤིག ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། བུམ་པ་ཐམས་ཅད་རྒུན་ཆང་གིས་ཁེངས་པར་འགྱུར། ཡང་དེ་དག་གིས་ཁྱོད་ལ། བུམ་པ་ཐམས་ཅད་རྒུན་ཆང་གིས་གང་བ་དེ་ངེད་ཅག་གིས་མི་ཤེས་སམ། ཞེས་སྨྲ་བར་འགྱུར། ༡༣ དེ་ནས་ཁྱོད་ཀྱིས་དེ་དག་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་ཡུལ་ཁམས་འདིའི་ཡུལ་མི་ཡོད་དོ་ཅོག་དང་། དཱ་བིད་ཀྱི་རྒྱལ་ཁྲིར་འཁོད་པའི་རྒྱལ་པོ་རྣམས་དང་། བླ་མ་རྣམས་དང་། ལུང་སྟོན་པ་རྣམས་དང་། ཡེ་རུ་ཤ་ལེམ་པ་ཚང་མ་བཟི་བས་ཁེངས་སུ་གཞུག ༡༤ ངས་དེ་དག་གཅིག་གི་ཐོག་ཏུ་གཅིག་དང་། ཕ་རྣམས་ཀྱི་ཐོག་ཏུ་བུ་རྣམས་རྡབ་པར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་། ངས་དེ་དག་ལ་སྙིང་ཡང་མི་རྗེ། ཕངས་པར་ཡང་མི་བྱ། བརྩེ་བར་ཡང་མི་བྱ་བར་ཚར་དུ་གཅོད་པར་བྱའོ༎
༡༥ ཡ་ཧོ་ཝཱ་ཉིད་ཀྱིས་གསུངས་པས། ཁྱོད་ཉོན་ལ། རྣ་བ་ཐོད་ཅིག རང་མཐོང་མ་སྐྱེད་ཅིག ༡༦ ཁོང་གིས་མུན་པའི་སྨག་རུང་མ་གནང་གོང་དུ་དང་། ཁྱོད་ཀྱི་རྐང་པ་ནི་མུན་པའི་རི་བོ་རྣམས་ལ་འཐོས་མ་འཕོག་པའི་སྔོན་དུ། ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་སྟོད་སྔོགས་ཤིག དེ་མིན་ཁྱོད་འོད་ལ་སྒུག་དུས་ཁོང་གིས་དེ་ནི་འཆི་བའི་གྲིབ་མར་སྒྱུར་ཞིང་། རབ་ཏུ་མུན་ཐིབས་པར་མཛད་དོ། ༡༧ འོན་ཀྱང་ཁྱོད་ཀྱིས་མ་ཉན་ན། ཁྱོད་ཀྱི་ང་རྒྱལ་གྱི་སླད་དུ་ངའི་སེམས་ཉིད་ནི་གསང་བའི་གནས་སུ་ངུ་ཞིང་། ངའི་མིག་དྲག་ཏུ་ངུ་ཞིང་མིག་ཆུ་འཐིགས་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་ཁྱུ་དེ་བཙོན་དུ་ཁྱེར་ཏོ༎
༡༨ རྒྱལ་པོ་དང་རྒྱལ་མོ་ལ། ཁྱོད་ཅག་གི་གཙུག་རྒྱན་རྣམས། ཁྱོད་ཀྱི་དཔལ་གྱི་ཅོད་པན་དེ་མར་བབས་པས་ན། ཐུར་དུ་བབས་ནས་སྡོད་ཅིག ཅེས་སྨྲོས་ཤིག ༡༩ ལྷོ་ཕྱོགས་ཀྱི་གྲོང་ཁྱེར་རྣམས་དགར་བར་བྱས་ཏེ། སུས་ཀྱང་མི་སྒྲོལ་ལོ། ཡ་ཧུ་དཱ་ཐམས་ཅད་བཙོན་དུ་ཁྱེར་ནས། དེ་ཚང་མ་བཙོན་དུ་འཁྱེར་རོ༎
༢༠ རང་གི་མིག་རྣམས་ཐེགས་ཤིག་དང་། བྱང་ནས་འོང་བ་རྣམས་ལ་ལྟོས་ཤིག ཁྱོད་ལ་བཏང་བའི་ལུག་ཁྱུ། ཁྱུ་སྙིང་ལ་སྡུག་པ་དེ་ག་ན་ཡོད། ༢༡ དེས་ཁྱོད་ཆད་པ་གཅོད་དུས། ཁྱོད་ཀྱིས་ཅི་སྨྲ་བར་བྱ། གང་ལ་ཞེ་ན། དེ་དག་ཁྱོད་ཀྱི་འགོ་བྱེད་དང་། དཔོན་པོར་འགྱུར་བའི་ཕྱིར་ཁྱོད་རང་གིས་བསླབས་པས། སྐྱེ་གཟེར་ཐེབས་པའི་བུད་མེད་ལྟར་ཁྱོད་ཀྱང་ཟུག་གཟེར་གྱིས་ཐེབས་པར་མི་འགྱུར་རམ། ༢༢ ཡང་ཇི་སྟེ་ཁྱོད་ཀྱིས་རང་གི་སྙིང་ནང་། བྱ་བ་འདི་དག་ངའི་ཐོག་ཏུ་ཅི་ལ་འབབ་པར་བྱེད་ཟེར་ན། ཁྱོད་ཀྱི་མི་དགེ་བ་ཆེ་བའི་སྟབས་ཀྱིས། ཁྱོད་ཀྱི་གོས་ཀྱི་ཐུ་བ་རྣམས་སློག་པར་བྱས་ཏེ། དབང་ཤུགས་ཀྱིས་ཁྱོད་ཀྱི་རྟིང་པ་རྣམས་འཐེན་པར་བྱེད།
༢༣ ཀུས་པ་༼བོད་སྐད་དུ་མི་ནག་༽གིས་རང་གི་པགས་པ་དང་། གཟིག་གིས་རང་གི་ཐིག་ལེ་རྗེ་བར་ནུས་སམ། ནུས་ན། དེ་ནས་ངན་པ་སྤྱོད་དུ་གོམས་པ་ཁྱོད་ཚོས་ཀྱང་བཟང་པོ་ལ་སྤྱོད་པར་ནུས། ༢༤ དེ་བས་ན་ངས་དེ་དག་འབྲོག་སྟོང་གི་རླུང་གིས་འཁྱེར་བའི་སོག་མ་ལྟར་གཏོང་བར་བྱའོ། ༢༥ ཁྱོད་ཀྱིས་ང་བརྗེད་དེ་ཀུན་རྫོབ་ལ་བློ་བཏད་པའི་རྐྱེན་གྱིས། འདི་ནི་ཁྱོད་ཀྱི་སྐལ་བ་དང་། ཁྱོད་ལ་བཅལ་ནས་བཏང་བའི་ཟ་སྐལ་དེ་ཡིན། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༦ དེའི་ཕྱིར་ཁྱོད་ཀྱི་ཐུ་བ་རྣམས་ཁྱོད་ཀྱི་གདོང་གི་ཁར་བསློགས་ནས། ཁྱོད་ཀྱི་གསང་བའི་གནས་མཐོང་བར་འགྱུར། ༢༧ ཁྱོད་ཀྱི་ལོག་པར་གཡེམ་པ་དང་། ཁྱོད་ཀྱི་བསིལ་སྒྲ་དང་། གཡེམ་བྱེད་ཀྱི་འདོད་ཆགས་དང་། རི་ཀླུངས་སུ་སྤྱད་པའི་ཁྱོད་ཀྱི་ཞེན་ལོག་གི་ལས་རྣམས་ངས་མཐོང་བ་ཡིན། ཀྱེ་ཡེ་རུ་ཤ་ལེམ། ཁྱོད་ལ་བཀྲ་མི་ཤིས། ཁྱོད་རང་གཙང་བར་བྱེད་པར་མི་འགྱུར། ད་དུང་ཡང་དུས་ཙམ་གྱི་བར་དུ་དེ་ལུས་པར་འགྱུར༎