༡༡
ཡ་ཧོ་ཝཱ་ནས་ཡེ་རེམ་ཡཱ་ལ་བཀའ་བྱོན་པ་ནི་འདི་ལྟར་རོ། ༢ ཁྱོད་ཚོས་ཞལ་ཆད་འདིའི་ཚིག་རྣམས་ཉོན་ཞིག ཡ་ཧུ་དཱའི་མི་རྣམས་དང་ཡེ་རུ་ཤ་ལེམ་པ་རྣམས་ལ་འདི་སྐད་སྨྲོས་ཤིག ༣ ཡང་ཁྱོད་ཀྱིས་དེ་དག་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཞལ་ཆད་འདིའི་ཚིག་རྣམས་ལ་མི་ཉན་པའི་མི་དེ་དམོད་པར་གྱུར་ཅིག ༤ ངས་ཁྱོད་ཚོའི་ཕ་མེས་རྣམས་མི་སེར་ཡུལ་ལྕགས་ཀྱི་མེ་ཐབ་ཀྱི་ནང་ནས་ཕྱི་རོལ་དུ་བྱུང་བའི་ཉིན་མོར་དེ་དག་ལ། ངའི་གསུང་སྐད་ལ་ཉོན། ཡང་ངས་བསྒོ་བ་ཐམས་ཅད་དང་བསྟུན་ནས་སྤྱོད་པ་སྤྱོད་ཅིག་དང་། ཁྱོད་ཅག་ངའི་མི་སྡེ་དང་། ང་ཁྱོད་ཅག་གི་དཀོན་མཆོག་ཏུ་འགྱུར་བར་འགྱུར། ༥ གང་ལ་ཞེ་ན། དེ་རིང་གི་ཉིན་མོར་ཡོད་པ་དང་འདྲ་བར། འོ་མ་དང་སྦྲང་རྩི་འབྲུབ་པའི་ཡུལ་ཞིག་སྟེར་བའི་ཕྱིར། ངས་ཁྱོད་ཅག་གི་མེས་པོ་རྣམས་ལ་བསྐྱལ་བའི་མནའ་དེ་སྒྲུབ་པའི་སླད་དུའོ་གསུངས་པ་དང་། ངས་ཞུ་ལན་དུ། ཀྱེ་ཡ་ཧོ་ཝཱ། དེ་དེ་བཞིན་ནོ། ཞུས་པ་ཡིན།༦ དེ་ནས་ཡ་ཧོ་ཝཱས་བདག་ལ། ཚིག་འདི་ཐམས་ཅད་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་སུ་སྒྲོག་ཅིང་། འདི་སྐད་དུ། ཞལ་ཆད་འདིའི་བཀའ་མཆིད་རྣམས་ལ་ཉན་ཏེ་དེ་བཞིན་དུ་སྤྱོད་ཅིག ༧ དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་ཅག་གི་མེས་པོ་རྣམས་མི་སེར་ཡུལ་གྱི་ནང་ནས་ཡར་ཁྲིད་པའི་ཉིན་མོ་ནས་ཉི་མ་དེ་རིང་གི་བར་དུ་དེ་དག་ལ་ཞལ་གདམས་ཚ་དྲག་བཏང་། སྔ་པོ་བཞེངས་ནས། ངའི་སྒྲ་ལ་ཉོན། ཞེས་དྲག་ཏུ་གདམས་ཀྱང་། ༨ དེ་དག་མ་ཉན། རྣ་བའང་མ་བཏུད་པར། རང་གི་སྙིང་ངན་པའི་མགོ་མཁྲེགས་པོའི་ནང་ན་ཐམས་ཅད་འགྲུལ་བས་ན། ངས་དེ་དག་གིས་སྲུང་དུ་བསྒོ་ཡང་། དེ་རྣམས་ཀྱིས་མ་སྤྱད་པའི་ཞལ་ཆད་འདིའི་ཚིག་ཐམས་ཅད་དེ་དག་གི་དྲུང་དུ་འདྲེན་པར་བྱས་སོ༎
༩ ཡང་ཡ་ཧོ་ཝཱས་བདག་ལ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་པ་རྣམས་ཀྱི་ནང་ན་ཁ་འདྲིལ་བ་ཞིག་གདའ་སྟེ། ༡༠ ངའི་གསུང་ལ་ཉན་པར་མི་འདོད་ཟེར་བའི་རང་གི་མེས་པོ་རྣམས་ཀྱི་མི་དགེ་བ་རྣམས་ཀྱི་ནང་དུ་འདི་དག་ཀྱང་སླར་ལོག་སོང་ནས། གཞན་ལྷ་རྣམས་ཀྱི་གཡོག་བྱེད་དུ་བྲངས་ཏེ། ཨིས་ར་ཨེལ་གྱི་ཕ་ཚན་དང་ཡ་ཧུ་དཱའི་ཕ་ཚན་གཉིས་པོས། ངས་དེ་དག་གི་མེས་པོ་རྣམས་དང་མཉམ་དུ་བྱས་པའི་ཞལ་ཆད་དེ་བཅག་གོ། ༡༡ དེའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། དེ་དག་ཐར་བར་མི་ནུས་པའི་བར་ཆད་ཅིག་ངས་འདྲེན་པར་བྱ་སྟེ། དེ་དག་གིས་ང་ལ་འོ་དོད་འདོན་རུང་། ངས་གསན་པར་མི་བྱའོ། ༡༢ དེ་ནས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་ཡེ་རུ་ཤ་ལེམ་པ་རྣམས་སོང་སྟེ། དེ་དག་རང་གིས་བསངས་གཏོང་བའི་ལྷ་རྣམས་ལ་འོ་དོད་གཏོང་རུང་། སྡུག་བསྔལ་མྱོང་དུས་དེ་རྣམས་ཀྱིས་ཅི་ནས་ཀྱང་སྐྱོབ་པར་མི་འགྱུར། ༡༣ དེ་ཅིའི་ཕྱིར་ཞེ་ན། ཀྱེ་ཡ་ཧུ་དཱ། ཁྱོད་ཀྱི་གྲོང་ཁྱེར་གྱི་གྲངས་བཞིན་དུ་ཁྱོད་ལ་ལྷ་ཡང་ཡོད་དེ། ཡེ་རུ་ཤ་ལེམ་གྱི་ལམ་སྲང་གི་གྲངས་བཞིན་དུ་མཆོད་ཁྲི་རྣམས་ངོ་ཚ་རྒྱུ་དེའི་ཕྱིར་དུ་ཁྱོད་ཀྱིས་བརྩིགས་པ་ཡིན། ཞེས་ན། བ་ཨཱལ་ལ་བསངས་གཏོང་བའི་མཆོད་ཁྲི་རྣམས་སོ༎
༡༤ དེ་བས་ན་ཁྱོད་ཀྱིས་མི་སྡེ་འདིའི་དོན་དུ་སྨོན་ལམ་ཡང་མ་ཐོབ་ཅིག དེ་དག་གི་དོན་དུ་རང་གི་སྒྲ་ཡང་མཐོ་བར་མི་བྱེད་ཅིང་། གསོལ་བ་ཡང་མ་གསོལ་ཞིག དེ་ཅིའི་ཕྱིར་ཞེ་ན། སྡུག་བསྔལ་གྱིས་རྐྱེན་ཏེ་དེ་དག་གིས་ང་ལ་འོ་དོད་འདོན་དུས། ངས་གསན་མི་འོང་།
༡༥ ངའི་ཉེ་མོ་དེ་མང་ཙམ་དང་འདོད་ལོག་སྤྱད་བཞིན་ངའི་ཁྱིམ་ནང་དོན་ཅི་ཡོད། ཁྱོད་ལས་དམ་པའི་ཤ་ནི་བྲལ་ཏོ། ཁྱོད་ཀྱིས་ལས་ངན་སྤྱོད་དུས་ཁྱོད་ཡི་རང་ངོ་། ༡༦ ཡ་ཧོ་ཝཱས་ཁྱོད་ཀྱི་མིང་ནི་ཡིད་དུ་འོང་བའི་འབྲས་བུ་ལེགས་པའི་ཁ་སྐྱུར་ཤིང་སྔོན་ཞེས་བཏགས་ཏེ། ཀུ་སྒྲ་ཡོ་ལངས་ཆེན་པོའི་ངང་ནས་དེ་ལ་མེ་སྤར་ནས། དེའི་ཡལ་ག་རྣམས་བཅག་གོ། ༡༧ དེ་ཅིའི་ཕྱིར་ཞེ་ན། ཨིས་ར་ཨེལ་གྱི་ཕ་སྤད་དང་། ཡ་ཧུ་དཱའི་ཕ་སྤད་གཉིས་པོས། བདག་གི་ཁྲོ་དཀྲུག་ཏུ་བ་ཨཱལ་གྱི་མདུན་དུ་སྤོས་བདུག་པའི་ངང་ནས། དེ་དག་རང་ལ་གནོད་པའི་ལས་ངན་བྱས་པས་ན། ཁྱོད་བཙུགས་པའི་དཔུང་ཆེན་གྱི་ཡ་ཧོ་ཝཱས་ཁྱོད་ལ་བར་ཆད་འབྱུང་བའི་ཕྱིར་བཀའ་གནང་ཟིན་ཏོ༎
༡༨ ཡ་ཧོ་ཝཱས་བདག་ལ་དེའི་རྟོགས་པ་གནང་བས། ངས་དེ་རྟོགས་སོ། དེ་ལྟར་ཁྱེད་ཀྱིས་བདག་ལ་དེ་དག་གི་སྤྱོད་ལུགས་བསྟན་པར་མཛད། ༡༩ འོན་ཀྱང་ང་ནི་བཤན་པའི་རྩར་ཁྲིད་པའི་ལུ་གུ་སྲུན་པོ་ལྟར་ཡོད་པ་ཡིན། ཕྱིན་ཆད་དེའི་མིང་མི་དྲན་པའི་ཕྱིར། ངེད་ཅག་གིས་སྐྱེ་ཤིང་དེ་ཤིང་ཏོག་དང་བཅས་སུ་མེད་པར་བྱས་ཏེ། ངེད་ཀྱིས་དེ་གསོན་ཡུལ་ལས་འཕྲལ་བར་བྱའོ། ཞེས་ངའི་སྐོར་དུ་དེ་དག་གིས་བགྲོས་པའི་ཆ་ང་ལ་མེད་པ་ཡིན། ༢༠ འོན་ཀྱང་དྲང་བ་ཉིད་ཀྱི་ཚུལ་དུ་ཞལ་ཆེ་གཅོད་པ་དང་། མཁལ་མ་དང་སྙིང་ལ་ཞིབ་དཔྱོད་མཛད་པའི། ཀྱེ་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ། ཁྱེད་ཀྱིས་དེ་ཚོར་ལན་གནང་བ་དེ་ང་ལ་མཐོང་འཇུག་པར་མཛོད། དེ་ཅིའི་ཕྱིར་ཞེ་ན། ངའི་ཁ་མཆུ་དེ་ཁྱེད་ལ་མངོན་དུ་བྱས་པ་ཡིན།
༢༡ དེ་བས་ན། ཁྱོད་ངེད་ཀྱི་ལག་ལས་མི་འཆི་བའི་ཕྱིར་ཡ་ཧོ་ཝཱའི་མཚན་གྱི་ངང་ན་ངེད་ལ་ལུང་མ་སྟོན་ཞིག་སྨྲ་བ་དང་། ཁྱོད་ཀྱི་སྲོག་ལ་སྡང་བའི་ཨ་ན་ཐོད་པའི་ཆེད་དུ་ཡ་ཧོ་ཝཱས་འདི་སྐད་གསུང་། ༢༢ དེས་ན་དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་དེ་དག་ལ་ཆད་པས་གཅད་དེ། གཞོན་ནུ་རྣམས་རལ་གྲིས་འཆི་བར་འགྱུར། དེ་དག་གི་བུ་དང་བུ་མོ་རྣམས་མུ་གེས་འཆི་བར་འགྱུར་ཞིང་། ༢༣ དེ་དག་གི་ནང་ནས་གང་ཡང་ལུས་པར་མི་འགྱུར། དེ་ཅིའི་ཕྱིར་ཞེ་ན། ངས་ཞིབ་དཔྱོད་ཀྱི་ལོ་ནང་ཨ་ན་ཐོད་པ་རྣམས་ཀྱི་ཐོག་ཏུ་བར་ཆད་འབེབས་པར་བྱ་བའི་ཕྱིར་རོ༎