༡༠
ཀྱེ་ཨིས་ར་ཨེལ་གྱི་མི་བརྒྱུད། ཡ་ཧོ་ཝཱས་ཁྱོད་ཅག་ལ་གསུང་བའི་བཀའ་མཆིད་ལ་ཉོན་ཞིག ༢ ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཅག་གིས་ཕྱི་པའི་ཚུལ་དེ་མ་སློབས་ཤིག ནམ་མཁའི་ལྟས་རྣམས་ཀྱིས་ཀྱང་སེམས་འཕམ་པར་མ་གྱུར་ཅིག ཕྱི་པ་རྣམས་དེ་རྣམས་ཀྱིས་སེམས་འཕམ་འབྱུང་། ༣ དེ་ཅིའི་ཕྱིར་ཞེ་ན། མི་རིགས་རྣམས་ཀྱི་ཁྲིམས་ནི་སྙིང་པོ་མེད་པའོ། དེ་གང་ཡིན་ཞེ་ན། གཅིག་གིས་ནགས་ཚལ་གྱི་ནང་ནས་སྡོང་པོ་ཞིག་གཅོད། ལག་ཤེས་ཀྱིས་སྟེའུ་མཉམ་དེ་བཟོ། ༤ གསེར་དངུལ་གྱིས་དེ་རྒྱན་པར་བྱེད་ཅིང་། མི་འགུལ་བའི་ཕྱིར་གཟེར་དང་ཐོ་ཆུང་རྣམས་ཀྱིས་དེ་བརྟན་པར་བྱེད། ༥ དེ་རྣམས་ཁ་ཟུར་ཤིང་ཁར་ཙོང་ངེར་ཡོད་ཀྱང་། སྨྲ་བར་མི་བྱེད། འགྲུལ་ཡང་མི་ནུས་པས། འཁུར་མཁན་དགོས་སོ། དེ་དག་གིས་གནོད་པའང་བྱེད་མི་ནུས། ཕན་ཐོགས་ཀྱང་བྱེད་པའི་ནུས་པ་མེད་པས་ན། དེ་དག་ལ་མི་འཇིགས་ཤིག༦ ཀྱེ་ཡ་ཧོ་ཝཱ། ཁྱེད་ནི་མཚུངས་ཟླ་དང་བྲལ་ཏེ། མཆོག་ལགས། མཐུ་སྟོབས་ཀྱི་ནང་ན་ཁྱེད་ཀྱི་མཚན་གྲགས་ཆེའོ། ༧ ཀྱེ་མི་རིགས་ཀུན་གྱི་རྒྱལ་པོ། ཁྱེད་ལ་མ་འཇིགས་མཁན་སུ་ཡོད། དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཁྱེད་ལ་མཛེས་ཏེ། མི་བརྒྱུད་རྣམས་ཀྱི་མི་མཁས་པ་ཐམས་ཅད་ཀྱི་ཁྲོད་དུ། དེ་དག་གི་རྒྱལ་ཁམས་མཐའ་དག་གི་ཁྲོད་ནའང་ཁྱེད་ཀྱི་དོ་ཟླ་སུ་ཡང་མེད་དོ། ༨ འོན་ཀྱང་དེ་དག་ཡོངས་སུ་གཏི་མུག་ཅན་དང་བློ་རྨོངས་པ་སྟེ། ཀུན་རྫོབ་ཀྱི་བསྟན་པ་དེ་ནི་ཤིང་ལྡུམ་འབའ་ཞིག་སྟེ། ༩ ཐར་ཤིས་ནས་དངུལ་ལྗང་རྡུང་གི་སྤང་ལེབ་དང་། ཨུ་ཕས་ནས་གསེར་ཁྱེར་ཏེ། བཟོ་བོས་བཟོ། ལག་ཤེས་ཀྱིས་བཅོ། དེ་དག་གི་གོས་ནི་སྔོན་པོ་དང་སྨུག་པོ་འདུག དེ་ཚང་མ་ལག་རྩལ་ཅན་གྱི་བཟོ་ལས་ཡིན་གྱིས། ༡༠ ཡ་ཧོ་ཝཱ་ནི་བདེན་པའི་དཀོན་མཆོག་ལགས་ཏེ། ཁོང་ནི་གསོན་པོའི་དཀོན་མཆོག་དང་། དུས་གཏན་གྱི་རྒྱལ་པོ་དེ་ལགས་པས། ཁོང་ཐུགས་ཁྲོ་བ་ཙམ་གྱིས་ས་གཞི་འདར་ཞིང་། ཁོང་གི་ཁྲོ་གཏུམ་གྱི་ནང་ན་མི་རིགས་ཀུན་ལུས་མི་ནུས་སོ༎
༡༡ ཁྱོད་ཀྱིས་དེ་དག་ལ་འདི་སྐད་སྦྲོན་ཞིག ནམ་མཁའ་རྣམས་དང་ས་གཞི་མ་བཀོད་པའི་ལྷ་ཐམས་ཅད་ནི་ས་སྟེང་དང་། ནམ་མཁའ་འདི་དག་གི་འོག་ན་མེད་པར་འགྱུར།
༡༢ ཁོང་གི་མཐུ་དབང་གིས་ས་གཞི་བཀོད་དེ། ཁོང་གི་ཡེ་ཤེས་ཀྱིས་འཇིག་རྟེན་བཙུགས་པར་མཛད། ཁོང་གི་མཁྱེན་རབས་ཀྱིས་ནམ་མཁའ་རྣམས་འདིང་བར་བྱས། ༡༣ ཁོང་གིས་གསུང་སྐད་འདོན་དུས། ནམ་མཁའ་རྣམས་ན་ཆུའི་འུར་སྒྲ་ཆེ། ས་མཐའ་རྣམས་ནས་ན་བུན་རྣམས་སློང་བར་མཛད། ཆར་པའི་དོན་དུ་གློག་རྣམས་ཀྱང་མཛད། ཉིད་ཀྱི་གཏེར་མཛོད་རྣམས་ལས་རླུང་འདོན་ནོ། ༡༤ མི་ཡོད་དོ་ཅོག་གཏི་མུག་ཅན་དང་རིག་པ་མེད་པ་སྟེ། གསེར་བཟོ་པ་ཐམས་ཅད་རང་གི་སྐུ་འདྲས་རྐྱེན་ཏེ་ངོ་ཚའོ། དེ་ཅིའི་ཕྱིར་ཞེ་ན། དེའི་བླུག་སྐུ་ནི་རྫུས་མ་དང་། དེ་དག་གི་ནང་ན་དབུགས་ཀྱང་མེད་པས་སོ། ༡༥ དེ་དག་ཡ་མ་བརླ་པོ་དང་། འཁྲུལ་འཇུག་པའི་དངོས་པོ་སྟེ། ཞལ་ཆེ་གཅོད་དུས་སུ་དེ་དག་མེད་པར་འགྱུར། ༡༦ ཡ་ཀོབ་ཀྱི་ཐོབ་སྐལ་ནི་དེ་དག་དང་འདྲ་བ་མིན། དེ་ཅིའི་ཕྱིར་ཞེ་ན། ཁོང་ནི་ཐམས་ཅད་ཀྱི་བཀོད་པ་པོ་དང་། ཨིས་ར་ཨེལ་ནི་ཁོང་གི་སྐུ་སྐལ་གྱི་ཕྱག་འཁར་ཡིན་ཏེ། ཁོང་གི་མཚན་ནི་དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱ་ལགས་སོ༎
༡༧ ཀྱེ་རྫོང་ནང་དགར་ཡོད་པ་ཁྱོད། ས་ཐོག་ནས་རང་གི་ཁུར་པོ་རྣམས་སྡུས་ཤིག ༡༨ གང་ལ་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། དེ་དག་གིས་བརྟག་པའི་དོན་དུ་ངས་ཡུལ་ཁམས་ཀྱི་མི་རྣམས་དབྱུག་རྡོས་ཕངས་ཏེ། མནར་དུ་གཞུག་གོ། ༡༩ སྣད་པའི་རྐྱེན་གྱིས་ང་ལ་བཀྲ་མ་ཤིས། ངའི་རྨ་དེ་ཟུག་གཟེར་ཆེ་སྟེ། འདི་ནི་ངའི་ཟུག་གཟེར་ངོ་ཐོག་དེ་ཡིན་པས། ངས་བཟོད་པར་དགོས་ཟེར་བ་ཡིན། ༢༠ ངའི་གུར་ཁང་བཤིག་སྟེ། ངའི་ཆོམ་ཐག་ཀུན་བཅད། ངའི་ཕྲུ་གུ་རྣམས་ང་ལས་བྲལ་ཏེ། ངའི་དྲུང་ན་མེད། ད་སླར་ངའི་གུར་ཁང་སྤུབ་པ་དང་། ངའི་ཡོལ་བ་གཏོང་བ་ལ་སུ་ཡང་མ་ལུས། ༢༡ དེ་ཅིའི་ཕྱིར་ཞེ་ན། རྫི་བོ་རྣམས་གཏི་མུག་ཅན་དུ་གྱུར་ནས། ཡ་ཧོ་ཝཱ་མ་བཙལ་བས་ན། དེ་དག་གོ་མ་ཆོད་པར། དེ་དག་གི་ལུག་ཁྱུ་ཐམས་ཅད་ཁྲེ་གཏོར་དུ་སོང་།
༢༢ ཡ་ཧུ་དཱའི་གྲོང་ཁྱེར་རྣམས་རློག་པ་དང་། ཅེ་སྤྱང་གི་ཚང་དུ་བྱེད་པ་ལ། ཀྱེ་ཧོ། བྱང་གི་ཡུལ་ཕྱོགས་ནས་ཀུ་སྒྲ་དང་། ཡོ་ལངས་ཆེན་པོ་ཞིག་འོང་གིན་འདུག་གོ།
༢༣ ཀྱེ་ཡ་ཧོ་ཝཱ། མིའི་ལམ་ནི་དེ་རང་གི་ནང་ན་མེད་དེ། འགྲུལ་བའི་མིས་རང་གི་གོམ་སྟབས་བརྟན་པོར་རྒྱབ་པའི་ནུས་པ་མེད་པ་ངས་ཤེས་སོ། ༢༤ ཀྱེ་ཡ་ཧོ་ཝཱ། བདག་འཆུན་པར་མཛོད་ཅིག འོན་ཀྱང་ཚོད་མཛད་ནས། བདག་མེད་པར་མི་འགྱུར་བའི་ཕྱིར་ཐུགས་ཁྲོའི་ངང་ནས་འཇུན་པར་མ་མཛད་ཅིག ༢༥ ཁྱེད་ཀྱི་ཆ་མེད་པའི་ཕྱི་པ་དང་། ཁྱེད་ཀྱི་མཚན་མི་བརྗོད་པའི་མི་བརྒྱུད་རྣམས་ཀྱི་ཐོག་ཏུ་ཁྱེད་ཀྱིས་ཐུགས་ཁྲོ་མཛོད་ཅིག དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་ཡ་ཀོབ་ཟོས་ཏེ། མིད་དེ། མེད་པར་བྱས་ནས། ཁོའི་རྩྭ་ཁ་སྟོང་པར་བྱས་པའི་ཕྱིར་རོ༎