ཧའེ་ཧའེ། ངས་རང་གི་མི་སྡེའི་བུ་མོའི་བསད་པར་གྱུར་པ་རྣམས་ཀྱི་དོན་དུ་ཉིན་མཚན་མེད་པར་ངུ་བའི་ཕྱིར། ང་ལ་ཆུ་རྣམས་ཀྱི་མགོ་དང་། མཆི་མའི་ཆུ་མིག་གི་མིག་རྣམས་ང་ལ་ཡོད་ན་ཅི་མ་རུང་།  ཧའེ་ཧའེ། ངས་ཉིད་ཀྱི་མི་སྡེ་འཇོག་པ་དང་། དེ་དག་ལས་བཞུད་དུ་འབྲོག་སྟོང་གི་ནང་ན་ང་ལ་བྱེས་པའི་བྲང་ས་ཞིག་ཡོད་པ་ཡིན་ན་ཅི་མ་རུང་། གང་ལ་ཞེ་ན། དེ་ཐམས་ཅད་གཡེམ་བྱེད་དང་། ལོག་པར་ཅན་གྱི་མི་ཚོགས་ཤིག་སྟེ།  རྫུན་ལབ་ཏུ་རང་གི་ལྕེ་གཞུ་ལྟར་སྐྱིལ། དྲང་པོ་བྱེད་པའི་ངང་ནས་ཡུལ་ཁམས་ཀྱི་ནང་དུ་སྟོབས་ལྡན་དུ་མ་གྱུར་ཏོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ངན་པའི་ནང་ནས་ངན་པའི་ནང་དུ་འགྲོ་ཞིང་། ངའི་ངོ་མི་ཤེས་པའི་ཕྱིར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  མི་རེས་རང་གི་ཁྱིམ་མཚེས་ལ་དོགས་ཟོན་གྱིས་ཤིག ཡང་སྤུན་སུ་ལའང་ཡིད་མ་ཆེས་ཤིག གང་ལ་ཞེ་ན། སྤུན་རེ་ཡིས་སྤྲ་ལག་བྱེད། ཁྱིམ་མཚེས་རེ་རེ་བཞིན་གྱིས་གཏམ་ངན་སྒྲོག་གིན་འཁོར།  རེ་རེ་ཡིས་རང་གི་ཁྱིམ་མཚེས་པའི་མགོ་སྐོར་ཞིང་། བདེན་ཚིག་མི་གླེང་། དེ་དག་གིས་རྫུན་ཚིག་གླེང་ལུགས་རང་གི་ལྕེ་ལ་བསླབས་ཏེ། མི་དགེ་བ་སྤྱོད་ཅིང་དེ་དག་ངལ།  མགོ་བསྐོར་གྱི་དབུས་ན་ཁྱོད་ཀྱི་གནས་ཚང་འདུག ཟོལ་ཟོག་གི་རྐྱེན་གྱིས་ཁོ་བོ་ངོ་འཕྲོད་པར་དེ་དག་མ་འདོད་དོ། ཞེས་ཡ་ཧོ་ཝཱས་གསུང་།  དེ་བས་ན་དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཧོ། ངས་དེ་རྣམས་བཞུས་ཏེ་བསད་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་མ་གཏོགས་ཉིད་ཀྱི་མི་སྡེའི་བུ་མོའི་དོན་དུ་ངས་གཞན་ཅི་ཞིག་བྱ།  དེ་དག་གི་ལྕེ་ནི་སྲོག་ལེན་གྱི་མདའ་མོ་སྟེ། གཡོ་སྒྱུའི་ངང་ནས་གླེང་ཞིང་། ཁ་ནས་རང་གི་ཁྱིམ་མཚེས་ལ་ཞི་བདེ་ལབ་ཀྱང་། སྙིང་གི་ནང་ནས་དེ་ལ་འཇབ་བོ།  བྱ་བ་འདི་དག་གི་ཕྱིར་ངས་དེ་དག་ལས་ལན་ལེན་པར་མི་བྱའམ། མི་རིགས་འདི་འདྲ་བ་ལ་ངའི་སེམས་ཀྱིས་དགྲ་ལན་མི་གཞལ་ལམ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༠ རི་བོ་རྣམས་ཀྱི་དོན་དུ་ངས་ངུ་ཞིང་ཆོ་ངེས་དང་། འབྲོག་སྟོང་གི་རྩྭ་ཁའི་དོན་དུ་སྨྲེ་སྔགས་འདོན་པར་བྱའོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་འདི་ཙམ་ཚིག་སྟེ། སུའང་དེ་ཞུགས་ནས་འགྲོ་མི་ཐུབ། དུད་འགྲོའི་སྐད་ཀྱང་མིས་མི་ཐོས། གནམ་གྱི་འདབ་ཆགས་དང་གཅན་གཟན་གཉིས་པོའང་བྲོས་ནས་སོང་ཚར། ༡༡ ཡང་ངས་ཡེ་རུ་ཤ་ལེམ་ནི་སའི་ཕུང་པོ་རྣམས་དང་། ཅེ་སྤྱང་གི་ཚང་དང་། ཡ་ཧུ་དཱའི་གྲོང་ཁྱེར་རྣམས་མི་སུའང་མེད་པའི་ཐང་སྟོང་དུ་བྱའོ། ༡༢ འདི་གོ་ཐུབ་པའི་མི་མཁས་པ་སུ་ཡོད། ཡང་ཡུལ་ཁམས་ནི་མི་སུའང་མི་རྒྱུ་བ་ཙམ་དུ་གཞིག་སྟེ། འབྲོག་སྟོང་ལྟར་ཚིག་པའི་དོན་ཅི་ཡིན་སྟོན་པར་བྱེད་དུ། ཡ་ཧོ་ཝཱའི་ཞལ་གྱིས་སུ་ལ་གསུངས་པ་ཡིན། ༡༣ ཡང་ཡ་ཧོ་ཝཱས་འདི་སྐད་གསུང་། དེ་དག་གི་མདུན་དུ་ངས་བཞག་པའི་བཀའ་རྒྱ་དེ་རྣམས་ཀྱིས་དོར་ཏེ། ངའི་སྒྲ་སྐད་ལའང་མ་ཉན། དེ་བཞིན་དུའང་མ་འགྲུལ་བར། ༡༤ དེ་དག་གི་ཕ་མེས་ཀྱིས་བསླབས་པ་ལྟར་རང་གི་སྙིང་གྱོང་པོའི་ངང་ནས་བ་ཨཱལ་རྣམས་ཀྱི་རྒྱབ་ནས་བྲངས་པའི་རྐྱེན་གྱིས། ༡༥ དཔུང་ཆེན་གྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ལྟོས། ངས་མི་བརྒྱུད་འདི་རང་ལ་ཟས་སུ་ཁན་པ་དང་། འཐུང་དུ་དུག་ཆུ་སྟེར་བར་བྱའོ། ༡༦ དེ་མ་ཟད་འདི་དག་དང་འདི་དག་གི་ཕ་མེས་ཀྱིས་ངོ་མི་ཤེས་པའི་ཕྱི་པའི་ཁྲོད་དུ་ངས་འདི་དག་གཏོར་བར་བྱ་ཞིང་། འདི་དག་འཚར་མ་བཅད་པའི་བར་དུ་འདི་དག་གི་རྒྱབ་ནས་བདའ་བའི་རལ་གྲི་ཞིག་ཀྱང་ངས་གཏོང་བར་བྱའོ༎
༡༧ དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། བསམ་བློ་ཐོང་ཞིག་དང་། མྱ་ངན་བྱེད་པའི་བུད་མེད་རྣམས་འོང་བའི་ཕྱིར་བོས་ཤིག བུད་མེད་གཅང་མོ་རྣམས་ཚུར་འོང་ཕྱིར་མི་ཞིག་ཐོང་། ༡༨ ངེད་ཅག་གི་མིག་ལས་མཆི་མ་དང་། མིག་ལྤགས་ལས་མིག་ཆུ་འབྲུབ་པའི་ཕྱིར། དེ་དག་མགྱོགས་པོ་བྱས་ཏེ། ངེད་ཅག་གི་དོན་དུ་ཆོ་ངེས་བྱེད་པར་དགོས། ༡༩ གང་ལ་ཞེ་ན། ཙི་ཨོན་གྱི་ནང་ནས་ཆོ་ངེས་ཀྱི་སྒྲ་ཐོས་ཏེ། དེ་དག་གིས་ངེད་ཀྱི་གནས་ཚང་བརྟིབས་པས། རང་གི་ཕ་ཡུལ་ལས་ངེད་ཁ་འཁྱར་བས་ན། ངེད་ཅག་ཇི་ལྟར་བཅོམས་པར་གྱུར་ཏེ། ངེད་ཅག་གི་མགོ་རབ་ཏུ་འཐོམས་པར་གྱུར་ཏོ་ཟེར། ༢༠ ཀྱེ་བུད་མེད་རྣམས། ད་དུང་ཡང་ཡ་ཧོ་ཝཱའི་གསུང་ལ་ཉོན། རང་གི་རྣ་བས་ཁོང་གི་བཀའ་མཆིད་དང་དུ་བློངས་ཤིག་དང་། རང་གི་བུ་མོ་རྣམས་ལ་ཆོ་ངེས་བྱེད་ལུགས་དང་། རེ་རང་གི་ཁྱིམ་མཚེས་མ་ལ་མྱ་ངན་བྱེད་ལུགས་དེ་སློབས་ཤིག ༢༡ དེ་ཅིའི་ཕྱིར་ཞེ་ན། ཕྱི་རོལ་ན་ངེད་ཀྱི་བུ་རྣམས་དང་། ལམ་སྲང་ན་ངེད་ཀྱི་གཞོན་ནུ་རྣམས་བར་དུ་གཅོད་པ་ལ། འཆི་བ་དེ་ངེད་ཀྱི་དཀར་ཁུང་ནང་འཛེགས་འོངས་ཏེ། ངེད་ཅག་གི་རྒྱལ་ཁབ་རྣམས་ཀྱི་ནང་དུ་འཛུལ་བྱུང་། ༢༢ ཡ་ཧོ་ཝཱས་འདི་སྐད་གསུང་། མི་རོ་རྣམས་ཞིང་ཁར་ལུད་ལྟར་ལྟུང་ཞིང་། རྔ་མཁན་གྱི་རྗེས་སུ་ལུས་པའི་སྤར་བ་གང་དང་འདྲ་བར་སུས་ཀྱང་བསྡུ་བར་མི་འགྱུར་རོ་ཞེས་སྦྲོན་པར་བྱོས་ཤིག
༢༣ ཡ་ཧོ་ཝཱས་འདི་སྐད་གསུང་། མཁས་པའི་མིས་རང་གི་བློ་མཁས་པའི་ཕྱིར་ངོམ་མ་སྟོན་ཞིག དཔའ་བོ་རང་གི་སྟོབས་ཕྱིར་ངོམ་མ་སྟོན་ཞིག ནོར་བདག་རང་གི་ནོར་ཕྱིར་ངོམ་མ་སྟོན་ཞིག ༢༤ སུས་ངོམ་སྟོན་པར་འདོད་ན། ས་གཞིའི་ནང་ན་སྙིང་རྗེ་དང་། གཤགས་དང་། དྲང་བ་ཉིད་ཀྱི་ངང་ན་སྲིད་སྐྱོང་མཁན་དེ་ནི་ང་ཡ་ཧོ་ཝཱ་ལགས་པ་རྟོགས་ཤིང་ངོ་ཤེས་པའི་ཕྱིར་ངོམ་སྟོན་པར་གྱིས་ཤིག གང་ལ་ཞེ་ན། བྱ་བ་འདི་རྣམས་ཀྱི་ནང་ན་ངའི་ཐུགས་དགྱེས་པ་ཡོད་དོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༢༥ ཀྱེ་ཧོ། མདུན་ལྤགས་བཅད་པ་རྣམས་མ་བཅད་པ་དང་ལྷན་ཅིག་ཏུ་ཐམས་ཅད་ལ་ངས་ཆད་པས་གཅོད་པའི་དུས་ལ་འབབ་ཀྱིན་འདུག ཅེས་ཡ་ཧོ་ཝཱས་གསུང་། གང་རྣམས་ཞེ་ན། ༢༦ མི་སེར་ཡུལ་དང་། ཡ་ཧུ་དཱ་དང་། ཨེ་དོམ་དང་། ཨམ་མོན་གྱི་བུ་བརྒྱུད་དང་། མོ་ཨབ་དང་། འབྲོག་སྟོང་ན་གནས་པའི་སྐྲ་ཀྱིར་འཁོར་ནས་བཀྲུམ་ཡོད་པ་དང་། བཅས་པ་ཐམས་ཅད་དོ། དེ་ཅིའི་ཕྱིར་ཞེ་ན། མི་རིགས་འདི་ཚང་མ་མདུན་ལྤགས་མ་བཅད་པ་སྟེ། ཨིས་ར་ཨེལ་གྱི་མི་བརྒྱུད་ཀུན་གྱི་སྙིང་མདུན་ལྤགས་མ་བཅད་པ་ལགས་པའི་ཕྱིར་རོ༎