༨
ཡ་ཧོ་ཝཱས་འདི་སྐད་གསུང་། དེའི་ཚེ་ཡ་ཧུ་དཱའི་རྒྱལ་པོ་རྣམས་ཀྱི་རུས་པ་དང་། དེའི་སྐུ་དྲག་རྣམས་ཀྱི་རུས་པ་དང་། བླ་མ་རྣམས་ཀྱི་རུས་པ་དང་། ལུང་སྟོན་པ་རྣམས་ཀྱི་རུས་པ་དང་། ཡེ་རུ་ཤ་ལེམ་གྱི་མི་རྣམས་ཀྱི་རུས་པ་དང་བཅས་སུ་དེ་དག་གི་དུར་ཁུང་ལས་འདོན་པར་འགྱུར། ༢ གང་ལ་དེ་རྣམས་ཆགས་ཏེ་ཞབས་ཏོག་བྱས་པ་དང་། གང་གི་ཕྱི་བཞིན་བྲངས་ཏེ། ཐུགས་བརྟག་ཞུས་ཏེ། ཕྱག་ཀྱང་བཙལ་བའི་ཉི་མ་དང་ཟླ་བ་དང་ནམ་མཁའི་ཚོགས་ཀྱི་མདུན་དུ་དེ་རྣམས་འདིང་བར་འགྱུར་ཏེ། དེ་དག་སྡུད་པར་ཡང་མི་འགྱུར། སྐུང་བར་ཡང་མི་འགྱུར་ཞིང་། སའི་ངོས་སུ་ལུད་དུ་འགྱུར་བར་འགྱུར། ༣ ངས་དེ་དག་གང་དང་གང་དུ་བསྐྲད་པའི་གནས་ཀུན་གྱི་ནང་དུ་ལུས་པའི་ནང་ཚང་ངན་པ་འདིའི་ཕྱི་ལུས་ཀྱི་ལྷག་མ་ཐམས་ཅད་ཀྱིས་འཚོ་བ་བས་འཆི་བ་ལ་དགའ་བར་འགྱུར། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎༤ དེས་མ་ཟད་ཁྱོད་ཀྱིས་དེ་དག་ལ་འདི་སྐད་ཀྱང་སྦྲོན་པར་བྱོས། ཡ་ཧོ་ཝཱས་འདི་སྐད་གསུང་། མི་རྣམས་གྱེལ་ནས་སླར་མི་ལང་ངམ། སུ་ཞིག་གོལ་ནས་སླར་ལོག་མི་འོང་ངམ། ༥ དེ་བས་ན་ཡེ་རུ་ཤ་ལེམ་གྱི་མི་འདི་ཚོས་ཅིའི་ཕྱིར་ཆད་མེད་པའི་ངོ་ལོག་བྱེད་ཅིང་ཕྱི་ནུར་ལ་ལོག ཟོལ་ཟོག་ལ་དམ་དུ་བཟུང་ཞིང་། ཕྱིར་ལོག་མི་འོང་ངོ་ཟེར། ༦ ངས་སྙན་བཏུད་དེ་ཉན་གྱིས། དེ་དག་གིས་མི་རིགས་པ་ལབ་སྟེ། མི་སུས་ཀྱང་རང་གི་སྤྱོད་པ་ངན་པའི་ཕྱིར་འགྱོད་ཅིང་། ངས་ཅི་བྱས་པ་ཡིན། མ་ཟེར་བར། དམག་འཐབ་ནང་རྟ་རྒྱུག་པ་ལྟར། རེ་རེ་བཞིན་རང་གི་ལམ་དུ་ལོག་ལ་སོང་། ༧ འོ་ན། གནམ་གྱི་བྱ་ཀ་སི་དཱ་ཡིས་རང་གི་ཐོ་ཤེས་ཏེ། ཐི་བ་དང་། ཁུག་ཏ་དང་། ཁྲུང་ཁྲུང་གིས་རང་འོང་བའི་དུས་ཚོད་ཤེས། འོན་ཀྱང་ངའི་མི་སྡེས་ཡ་ཧོ་ཝཱའི་ཚུལ་ཁྲིམས་དེ་མི་ཤེས་སོ། ༨ ཁྱོད་ཀྱིས། ངའི་བློ་མཁས་ཤིང་ཡ་ཧོ་ཝཱའི་བཀའ་རྒྱ་ངེད་ལ་ཡོད་དོ་ཅིའི་ཕྱིར་དུ་ཟེར། འོ་ན་ལྟོས་ཤིག ཆོས་འབྲི་མཁན་རྣམས་ཀྱི་སྨྱུ་གུ་གཡོ་སྒྱུ་ཅན་གྱིས་གཡོ་སྒྱུ་བྲིས་སོ། ༩ མི་མཁས་པ་རྣམས་སྐྱེངས་ཏེ། ངོ་བབས་ནས་འཛིན་པར་གྱུར་ཏོ། ལྟོས་ཤིག དེ་དག་གིས་ཡ་ཧོ་ཝཱའི་བཀའ་བསྐྱུར་བས། དེ་རྣམས་ཀྱི་ནང་ན་ཇི་ལྟ་བུའི་ཤེས་རབ་ཅིག་ཡོད།
༡༠ དེ་བས་ན་ངས་དེ་དག་གི་ཆུང་མ་རྣམས་གཞན་ལ་གཏོང་ཞིང་། བདག་ཏུ་འཛིན་རྒྱུ་རྣམས་ལ་དེ་དག་གི་ཞིང་གཏོང་བར་བྱའོ། དེ་ཅི་ལ་ཟེར་ཞེ་ན། དེ་དག་གི་ནང་ན་ཆུང་ངུ་ནས་བཟུང་སྟེ། ཆེན་པོའི་བར་དུ་ཐམས་ཅད་བརྣབས་སེམས་དང་ལྡན་ཏེ། ལུང་སྟོན་པ་ནས་བཟུང་སྟེ་བླ་མའི་བར་དུ་རེ་རེས་ཟོལ་ཟོག་གི་ལས་བྱེད། ༡༡ ཞི་བདེ་མེད་བཞིན་དུ། ཞི་བདེའོ། ཞི་བདེའོ་ཟེར་གྱིན། ངའི་མི་སྡེའི་བུ་མོའི་རྨ་དེ་ཕྱི་ལོགས་ནས་གསོ་བར་བྱས། ༡༢ དེ་དག་གིས་ཁམས་ལོག་པ་བྱེད་དུས་ངོ་ཚ་བར་གྱུར་ཏམ། གར། དེ་ཅུང་ཟད་ཅིག་ཀྱང་ངོའང་མ་ཚ། ཁྲེལ་བའང་མ་ཚོར་རོ། དེ་བས་ན་ལྟུང་རྒྱུ་དག་དེ་དག་གི་ནང་དུ་ལྟུང་ཞིང་། ངས་དེ་དག་ལ་ལན་འཇལ་དུས་སུ་དེ་དག་སྒྱེལ་བར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༣ ངས་དེ་དག་རྩད་ནས་མེད་པར་བྱའོ། རྒུན་ཤིང་གི་རྒུན་འབྲུམ་དང་། སེ་ཡབ་ཤིང་གི་ཁར་སེ་ཡབ་ཀྱང་མི་ཆགས་པར། ལོ་མ་རྙིད་ཅིང་། ངས་དེ་དག་ལ་གནང་བ་རྣམས་དེ་དག་ལས་འབྲལ་བར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༤ ངེད་ཅག་ཅི་ལ་ཁ་རོག་སྡོད། ཁྱོད་ཅག་འདུས་ཤིག་དང་། གྲོང་ཁྱེར་བཙན་པོ་རྣམས་ཀྱི་ནང་དུ་འཛུལ་ཞིང་། དེར་ཁ་རོག་ཏུ་སྡོད་པར་བྱའོ། གང་ལ་ཞེ་ན། ངེད་ཅག་གིས་ཡ་ཧོ་ཝཱ་ལ་ཉེས་སྡིག་བྱས་པའི་རྐྱེན་གྱིས། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ངེད་ཀྱི་ཁ་བཀག་སྟེ། འཐུང་དུ་དུག་ཆུ་སྟེར་བྱུང་། ༡༥ ངེད་ཞི་བདེ་ལ་བསྒུགས་ཀྱིས། ལེགས་པ་ཞིག་མ་བྱུང་། ཁམས་བཟང་བའི་དུས་ལ་བསྒུགས་ཀྱིས། ལྟོས། འཇིགས་པ་བྱུང་།
༡༦ དཱན་གྱི་ནང་ནས་དེའི་རྟ་རྣམས་ཐོར་ཐོར་ཟེར་བའི་སྒྲ་ཐོས། དེའི་སྟོབས་ལྡན་དག་གི་བསིལ་སྒྲ་ཡིས་ཡུལ་ཁམས་ཧྲིལ་པོ་གཡོས་ཏེ། དེ་དག་འོངས་ནས་ཡུལ་ཁམས་དང་། དེའི་ནང་ན་ཡོད་པ་ཐམས་ཅད་དང་། གྲོང་ཁྱེར་དང་། དེའི་ནང་ན་གནས་མཁན་དང་བཅས་ཁྱུར་མིད་དུ་བཏང་། ༡༧ དེའང་ཀྱེ་ཧོ། ངས་སྔགས་མི་རྒྱུག་པའི་སྦྲུལ་དང་། དུག་སྦྲུལ་རྣམས་ཁྱོད་ཅག་གི་ཁྲོད་དུ་བཏང་བ་དང་། དེ་དག་གིས་ཁྱོད་ཅག་ལ་རྨུག་པར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༨ ཧའེ། ངས་རང་གི་སེམས་ཚེར་ལ་སེམས་གསོ་གཏོང་ནུས་ན་ཅི་མ་རུང་། ངའི་ཁོག་ནང་ངའི་སྙིང་དེ་ཉམས། ༡༩ ལྟོས་ཤིག ཐག་རིང་པོར་ཡོད་པའི་ཡུལ་ནས་ངའི་མི་སྡེའི་བུ་མོའི་ངུ་སྐད་ལྷང་སེ་ལྷང་། ཙི་ཨོན་ནང་ཡ་ཧོ་ཝཱ་མེད་དམ། དེའི་རྒྱལ་པོ་དེའི་ནང་ན་མེད་དམ། དེ་རྣམས་ཀྱིས་བརྐོས་སྐུ་དང་། གཞན་གྱི་ཀུན་རྫོབ་རྣམས་ཀྱི་ངང་ནས་ཐུགས་ཁྲོ་ཅི་ལ་དཀྲུགས། ༢༠ བཙའ་མ་ཟིན་ཏེ། དབྱར་དུས་རྫོགས་ནས་ཀྱང་། ངེད་ཅག་ཐར་མ་བྱུང་།