༧
ཡ་ཧོ་ཝཱ་ལས་ཡེ་རེམ་ཡཱ་ལ་བྱུང་བའི་བཀའ་ནི་འདི་ལྟ་སྟེ། ༢ ཁྱོད་ཡ་ཧོ་ཝཱའི་ཕོ་བྲང་གི་སྒོར་འགྲེང་སྟེ། བཀར་འདོགས་ཤིང་འདི་སྐད་སྦྲོན་ཞིག ཡ་ཧོ་ཝཱ་ལ་རིམ་གྲོ་བྱེད་དུ་སང་སྒོ་འདི་དག་གི་ནང་དུ་འཛུལ་བའི་ཀྱེ་ཡ་ཧུ་དཱ་པ་ཐམས་ཅད། ཡ་ཧོ་ཝཱའི་བཀའ་མཆིད་ལ་ཉོན། ༣ དཔུང་ཆེན་གྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་རང་གི་ལམ་དང་། ཁྱོད་རང་གི་སྤྱོད་པ་རྣམས་ལ་བཟོ་བསྐྱོར་བྱོས་ཤིག་དང་། ངས་ཁྱོད་ཅག་ས་ཆ་འདིར་གནས་སུ་འཇུག་གོ། ༤ ཁྱོད་ཚོས། ཡ་ཧོ་ཝཱའི་ཕོ་བྲང་། ཡ་ཧོ་ཝཱའི་ཕོ་བྲང་། ཡ་ཧོ་ཝཱའི་ཕོ་བྲང་འདི་དག་གོ་སྨྲ་ཞིང་། རྫུན་གྱི་གཏམ་ལ་ཡིད་མ་ཆེས་ཤིག ༥ དེ་ཅིའི་ཕྱིར་ཞེ་ན། ཇི་སྟེ་ཁྱོད་ཀྱིས་རང་གི་ལམ་དང་སྤྱོད་པ་རྣམས་ལ་ལེགས་པར་བཟོ་བསྐྱོར་བྱེད་ན། ཇི་སྟེ་མི་དང་དེའི་ཁྱིམ་མཚེས་ཀྱི་བར་ལ་རྣམ་པ་ཀུན་ཏུ་ཁྲིམས་དྲང་པོར་གཅོད་ན། ༦ ཇི་སྟེ་རྒྱལ་ཁམས་པ་དང་། དྭ་ཕྲུག་དང་། མོ་རང་མོ་ལ་དབང་ཡོད་མ་བྱེད་པར། ས་ཆ་འདིར་མི་ནོངས་མེད་པའི་ཁྲག་ཀྱང་མི་འཕོ་ཞིང་། རང་ལ་གནོད་དུ་ལྷ་གཞན་རྣམས་ཀྱི་རྗེས་སུ་མ་འབྲང་ན། ༧ དེ་ནས་ངས་ཁྱོད་ཅག་ས་ཆ་འདི་དང་། ངས་ཁྱོད་ཀྱི་ཕ་མེས་རྣམས་ལ་དུས་གཏན་གྱི་ཕྱིར་གནང་བའི་ཡུལ་ཁམས་འདིའི་ནང་དུ་གནས་སུ་གཞུག་གོ།༨ ལྟོས་ཤིག ཁྱོད་ཀྱིས་ཕན་མེད་པའི་རྫུན་གཏམ་ལ་ཡིད་ཆེས། ༩ ཁྱོད་ཀྱིས་རྐུ་ཞིང་། མི་གསོད་ཅིང་། ལོག་པར་གཡེམ་ཞིང་། རྫུན་གྱི་མནའ་སྐྱེལ་ཞིང་། བ་ཨཱལ་ལ་བསངས་གཏོང་གིན། ཁྱོད་ཀྱིས་མི་ཤེས་པའི་ལྷ་གཞན་རྣམས་ཀྱི་རྗེས་སུ་འབྲང་གིན། ༡༠ དེ་ནས་ཀྱང་ངའི་མཚན་གྱིས་གྲགས་པའི་ཕོ་བྲང་འདི་ནང་དུ་ངའི་དྲུང་དུ་འོང་ཞིང་ཀེར་ལྡང་སྟེ། ངེད་ཐར་བྱུང་ཞེས་ཟེར་གྱིན། བྱ་བ་མི་གཙང་བ་འདི་ཚང་མ་བྱེད་པར་བྱ་བའམ། ༡༡ ངའི་མཚན་གྱིས་གྲགས་པའི་ཕོ་བྲང་འདི་ནི་ཁྱོད་ཅག་གི་མིག་ཏུ་རྐུན་ཚང་ཡིན་ནམ། ཀྱེ་ཧོ། ང་ཉིད་ཀྱིས་བྱ་བ་འདི་མཐོང་བ་ཡིན་ཞེས་ཡ་ཧོ་ཝཱས་གསུང་། ༡༢ དེ་བས་ན་ད་ཤི་ལོར་ཐོག་མར་ངས་ཉིད་ཀྱི་མཚན་བཞག་པའི་ངའི་གནས་སུ་སོང་ལ། ངས་ཉིད་ཀྱི་འབངས་ཨིས་ར་ཨེལ་གྱི་ཉེས་སྡིག་གི་ཕྱིར་དེ་ལ་ཅི་བྱས་པ་ཡིན་ལྟོས། ༡༣ ཁྱོད་ཅག་གིས་བྱ་བ་འདི་ཐམས་ཅད་བྱས་པའི་རྐྱེན་གྱིས། ད་ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་བོས་སྔ་གསར་བཞེངས་ནས་ཁྱོད་ལ་གཏམ་བྱས་ཏེ་སྨྲ་གིན་བསྡད་རུང་། ཁྱོད་ཀྱིས་མ་ཉན། ངས་བོས་རུང་། ཁྱོད་ཀྱིས་ཨ་ལན་མ་གཏང་། ༡༤ དེ་བས་ན་ངས་ཤི་ལོ་ལ་བྱས་པ་བཞིན། ཁྱོད་ཅག་གིས་བློ་གཏད་བཅོལ་ཞིང་། ངའི་མཚན་གྱིས་གྲགས་པའི་ཕོ་བྲང་འདི་དང་། ངས་ཁྱོད་ཅག་དང་ཁྱོད་ཅག་གི་ཕ་མེས་ལ་བྱིན་པའི་གནས་འདི་ལའང་བྱེད་པར་བྱའོ། ༡༥ ཁྱོད་ཅག་གི་སྤུན་ཟླ་ཡིན་པའི་ཨེབ་ར་ཨིམ་གྱི་ས་བོན་ཐམས་ཅད་ངས་ཕྱི་རོལ་དུ་བསྐྲད་པ་དང་འདྲ་བར། ཁྱོད་ཅག་ཀྱང་ངའི་གཟིགས་ངོ་ནས་སྐྲོད་པར་བྱའོ༎
༡༦ དེའི་ཕྱིར་ཁྱོད་ཀྱིས་མི་སྡེ་འདིའི་དོན་དུ་སྨོན་ལས་ཡང་མ་ཐོབ་ཅིག དེ་དག་གི་དོན་དུ་སྐད་ཆེན་པོས་ཞུ་ཞིང་གསོལ་བའང་མ་ཐོབ་ཅིག ངའི་དྲུང་དུ་ཞུ་སྣའང་མ་བྱེད་ཅིག ངས་ཁྱོད་ཀྱི་ཞུ་བ་ལ་གསན་པར་མི་བྱ། ༡༧ དེ་དག་གིས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་ན་ཅི་བྱེད་པ་ཁྱོད་ཀྱིས་མི་མཐོང་ངམ། ༡༨ ངའི་ཐུགས་ཁྲོ་དཀྲུག་པའི་ཕྱིར་དུ། གནམ་གྱི་རྒྱལ་མོའི་དོན་དུ་འཁུར་བ་བྱེད་པ་དང་། ལྷ་གཞན་རྣམས་ལ་གསེར་སྐྱེམས་གཏོང་བ་ལ། ཕྲུ་གུ་རྣམས་ཀྱིས་ཤིང་སྒྲུག ཕ་ཚོས་མེ་སྤར། བུད་མེད་དག་གིས་བག་ཟན་རྫིའོ། ༡༩ ཡ་ཧོ་ཝཱས་འདི་སྐད་གསུང་། དེ་དག་གིས་ངའི་ཐུགས་ཁྲོ་དཀྲུག་པར་བྱེད་དམ། དེ་དག་རང་གི་གདོང་ནི་ངོ་ཚ་རྒྱུ་མེད་པའི་རྐྱེན་གྱིས་རང་དཀྲུག་པར་མི་བྱེད་དམ། ༢༠ དེ་བས་ན་ཡ་ཧོ་ཝཱ་གཙོ་བོས་འདི་སྐད་གསུང་། ཀྱེ་ཧོ། ངའི་ཁྲོ་བ་དང་ཁྲོ་གཏུམ་དེ་ནི་གནས་འདི་དང་། མི་དང་། དུད་འགྲོ་དང་། ཀླུངས་ཀྱི་སྐྱེ་ཤིང་དང་། སའི་འབྲས་བུའི་ཐོག་ཏུ་འཕོ་བར་བྱ་ཏེ། དེ་འབར་ཞིང་སུས་ཀྱང་གསོད་ཐུབ་པར་མི་འགྱུར་རོ༎
༢༡ དཔུང་ཆེན་གྱི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་རང་གི་དམར་མཆོད་ལ་སྦྱིན་སྲེག་ཀྱང་བསྣན་ཏེ། ཤ་ཟོས་ཤིག ༢༢ དེ་ཅིའི་ཕྱིར་ཞེ་ན། ངས་ཁྱོད་ཅག་གི་མེས་པོ་རྣམས་མི་སེར་ཡུལ་གྱི་ནང་ནས་བཏོན་པའི་ཉིན་མོར། དེ་དག་ལ་སྦྱིན་སྲེག་དང་དམར་མཆོད་ཀྱི་སྐོར། ཅིའང་མ་སྨྲས་མ་བསྒོ་བ་ཡིན། ༢༣ འོན་ཀྱང་ངས་དེ་དག་ལ། ཁྱོད་ཅག་ངའི་སྒྲ་ལ་ཉོན་ཞིག་དང་། ང་ནི་ཁྱོད་ཅག་གི་དཀོན་མཆོག་དང་། ཁྱོད་ཅག་ངའི་མི་སྡེ་ཡིན་པར་འགྱུར། ཡང་ཁྱོད་ཅག་ལ་ཕན་པའི་ཕྱིར། ངས་སྒོ་བའི་ལམ་ཚང་མའི་ནང་དུ་འགྲུལ་བར་བྱོས་ཤིག ཅེས་སྨྲ་ཞིང་བསྒོ་བ་ཡིན་མོད། ༢༤ དེ་དག་གིས་ཉན་པར་ཡང་མ་བྱས། རྣ་བའང་མ་བཏུད་པར་རང་གི་ཇུས་དང་སྙིང་ངན་པའི་མགོ་རྒྱལ་གྱི་ནང་དུ་འགྲུལ་བར་བྱས་ཏེ། རྒྱབ་ཏུ་ལོག་ནས་མདུན་དུ་མ་སོང་། ༢༥ ཁྱོད་ཅག་གི་མེས་པོ་རྣམས་མི་སེར་ཡུལ་ནས་བྱུང་བའི་ཉིན་མོ་ནས་བཟུང་སྟེ། དེ་རིང་གི་ཉི་མའི་བར་དུའང་ཁྱོད་ཅག་གི་དྲུང་དུ་ངའི་ཞབས་ཏོག་པ་ལུང་སྟོན་པ་ཐམས་ཅད་མངགས་ཏེ། ཉིན་རེ་བཞིན་སྔ་གསར་ལངས་ཏེ། དེ་དག་བཏང་ནས་ཀྱང་། ༢༦ དེ་དག་གིས་ང་ལ་མ་ཉན། རྣ་བའང་མ་བླགས་པར། རང་གི་མཇིང་པ་སྲ་བར་བྱས་ཏེ། རང་གི་མེས་པོ་རྣམས་ལས་ཀྱང་ཐུ་བ་བྱས་སོ། ༢༧ ཡང་ཁྱོད་ཀྱིས་དེ་དག་ལ་ཚིག་འདི་ཐམས་ཅད་སྦྲོན་རུང་། ཁྱོད་ལ་ཉན་པར་མི་འགྱུར། འབོད་ནའང་། དེ་དག་གིས་ཨ་ལན་འདེབས་པར་མི་འགྱུར། ༢༨ དེ་བས་ན་ཁྱོད་ཀྱིས་དེ་དག་ལ། འདི་ནི་ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་གསུང་སྒྲ་ལ་མི་ཉན་མཁན་དང་། ཞལ་གདམས་ཀྱང་མི་འཁུར་བའི་མི་སྡེའོ། བདེན་པ་ནི་སྟོར་ནས་དེ་དག་གི་ཁ་ལས་བྲལ་ཟིན་ཏོ། ཞེས་ཤོད་ཅིག
༢༩ ཡ་ཧོ་ཝཱས་ཉིད་ཀྱི་ཐུགས་ཁྲོ་ཕོག་པའི་མི་རབས་དེ་དོར་ནས་སྤངས་པས་ན། ཀྱེ་ཡེ་རུ་ཤ་ལེམ། རང་གི་སྐྲ་བཞར་ནས་ཕོངས་ཤིག རི་སྟོང་རྣམས་ཀྱི་ཁར་ཆོ་ངེས་བྱོས་ཤིག ༣༠ དེ་ཅིའི་ཕྱིར་ཞེ་ན། ཡ་ཧུ་དཱའི་བུ་རྣམས་ཀྱིས་ངའི་གཟིགས་ངོར་ངན་པ་ལ་སྤྱད་པས་སོ། ཞེས་ཡ་ཧོ་ཝཱས་གསུང་། ཁོ་བོའི་མཚན་གྱིས་གྲགས་པའི་ཕོ་བྲང་དེ་བརླགས་པར་བྱེད་དུ་རང་གི་ཞེན་ལོག་རྣམས་དེར་བསླངས་ཏེ། ༣༡ རང་གི་བུ་དང་བུ་མོ་རྣམས་སྲེག་པའི་ཕྱིར་བེན་ཧིན་ནོམ་གྱི་ལུང་པའི་ནང་དུ་ཡོད་པའི་ཐོ་ཕེད་ཀྱི་མཐོ་གླིང་རྣམས་བརྩིགས་སོ། དེའི་སྐོར་ངས་བཀའ་ཡང་མ་གནང་། དེ་ནི་ངའི་སྣང་བར་ཡང་མ་ཤར་རོ། ༣༢ དེ་བས་ན། ཀྱེ་ཧོ། ཡ་ཧོ་ཝཱས་འདི་སྐད་གསུང་། ཕྱིས་སུ་འདི་ལ་ཐོ་ཕེད་ཀྱང་ཟེར་བར་མི་འགྱུར། བེན་ཧིན་ནོམ་གྱི་ལུང་པའང་ཟེར་བར་མི་འགྱུར་གྱིས། གསོད་གཅོད་ཀྱི་ལུང་པ། ཞེས་ཟེར་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཐོ་ཕེད་དུ་ཤོང་ས་མི་ལུས་པ་ཙམ་དུ་དེ་དག་གིས་སྐུང་བར་འགྱུར་ཞིང་། ༣༣ མི་བརྒྱུད་འདིའི་རོ་རྣམས་ནམ་མཁའི་བྱ་དང་། ས་གཞིའི་གཅན་གཟན་གྱི་ཁ་ཟས་སུ་འགྱུར་ཏེ། སུས་ཀྱང་དེ་དག་དཀྲོག་པར་མི་འགྱུར། ༣༤ དེ་ནས་ངས་ཡ་ཧུ་དཱའི་གྲོང་ཁྱེར་རྣམས་དང་། ཡེ་རུ་ཤ་ལེམ་གྱི་ལམ་སྲང་རྣམས་ནང་སྐྱིད་པོའི་སྐད་དང་། དགའ་མགུའི་སྐད་དང་། བག་ཕོའི་སྐད་དང་། བག་མའི་སྐད་མེད་པར་བྱའོ། ཅི་ལ་ཟེར་ན། ཡུལ་ཁམས་འདི་སྟོངས་པར་འགྱུར་རོ༎