༦
བྱང་ཕྱོགས་ནས་རྐྱེན་ངན་དང་། འཕུང་བྱེད་ཆེན་པོ་ཞིག་འོང་བས་ན། ཀྱེ་བེན་ཡ་མིན་གྱི་བུ་རྣམས། ཐར་བའི་ཕྱིར་ཡེ་རུ་ཤ་ལེམ་གྱི་དབུས་ནས་བྲོས་ཤིག ཏེ་ཀོ་ཨར་རྒྱ་དུང་ཕུས་ཤིག བེད་ཧག་ཀེ་རེམ་དུ་མེའི་བརྡ་བྱོས་ཤིག ༢ ཙི་ཨོན་གྱི་བུ་མོ་བྱད་མཛེས་ཡིད་འཕྲོག་མ་དེ་ངས་མེད་པར་བྱ། ༣ རྫི་བོ་རྣམས་རང་གི་ལུག་ཁྱུ་བཅས་མོ་ག་ལ་བ་དེར་འོངས་ཏེ། ཕྱོགས་བཞི་ནས་མོའི་ཐད་དུ་སྦྲ་གུར་སྤུབས་ནས། དེ་དག་གིས་ཐམས་ཅད་རེ་རང་གི་གནས་སུ་འཚོ་བར་འགྱུར། ༤ ཁྱོད་ཀྱིས་མོ་ལ་འཐབ་གྲབས་བྱོས། ལོངས་ཤིག ཉིན་གུང་དུ་ངེད་ཅག་གིས་དམག་འཁྱེར་བར་བྱ། འོན་ཀྱང་ཉི་མ་ཡོལ་ཏེ། དགོངས་མོའི་མུན་གྲིབ་ཐིབས་པས། ངེད་ལ་མི་ལེགས། ༥ ལོངས་ཤིག ང་ཚོ་མཚན་ལ་ཕྱིན་ཏེ། མོའི་ཕོ་བྲང་རྣམས་རློག་པར་བྱའོ། ༦ དེ་ཅིའི་ཕྱིར་ཞེ་ན། དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། མོའི་ཤིང་སྡོང་རྣམས་ཆོད་ཅིག ཡེ་རུ་ཤ་ལེམ་གྱི་ཐད་དུ་འཛིང་རགས་བཟོས་ཤིག འདི་ནི་ཆད་པས་གཅོད་དགོས་པའི་གྲོང་ཁྱེར་ཏེ། མོའི་དཀྱིལ་ལ་དབང་ཡོད་བྱེད་པ་ཚང་ནས་ཡོད། ༧ ཆུ་མིག་གིས་རང་གི་ཆུ་འདོན་པ་དང་འདྲ་བར། མོས་རང་གི་མི་དགེ་བ་རྣམས་འདོན་པར་བྱེད། དབང་ཆོས་དང་འཇོམ་པའི་སྒྲ་མོའི་ནང་ན་ཐོས། ངའི་མདུན་དུ་ན་བ་དང་རྨ་རྣམས་ཆད་མེད་ཡོད། ༨ ཀྱེ་ཡེ་རུ་ཤ་ལེམ། ངའི་སེམས་ཉིད་ཁྱོད་ལས་མི་འབྲལ་བ་དང་། ངས་ཁྱོད་སྟོང་པ་དང་། མི་མེད་པའི་ཡུལ་སྟོང་དུ་མི་བྱེད་པའི་སླད་དུ་འཆུན་པར་གྱུར་ཅིག༩ དཔུང་ཆེན་རྣམས་ཀྱི་ཡ་ཧོ་ཝཱས་འདི་སྐད་གསུང་། དེ་དག་གིས་ཨིས་ར་ཨེལ་གྱི་ཕྱི་ལུས་རྒུན་ཤིང་གི་འཐུན་བུ་སྒྲུག་པ་ལྟར་རམ། རྒུན་སྒྲུག་མཁན་ལྟར་ལྕུ་གུ་རྣམས་ཀྱི་ནང་དུ་ཡང་ཡང་རང་གི་ལག་པ་ཆུག་ཅིག ༡༠ དེ་དག་གིས་ཐོས་པའི་ཕྱིར་ངས་སུ་ལ་ཟེར་ཞིང་བསྐུལ་མ་འདེབས་པར་བྱ། ལྟོས་ཤིག དེ་དག་གི་རྣ་བའི་མདུན་ལྤགས་མ་བཅད་པས། ཐོས་མི་ནུས། ལྟོས་ཤིག ཡ་ཧོ་ཝཱའི་བཀའ་ནི་དེ་དག་ལ་སྐུར་ཀླན་དུ་འགྱུར་བས། དེ་ལ་སེམས་མི་དགའོ། ༡༡ དེའི་རྐྱེན་གྱིས་ང་ནི་ཡ་ཧོ་ཝཱའི་ཁྲོ་གཏུམ་གྱིས་གང་སྟེ། དེ་འགེགས་ཀྱིན་ང་ངལ་བས། དེ་ལམ་སྲང་གི་ཕྲུ་གུ་རྣམས་དང་གཞོན་ཚོགས་ཀྱི་ཐོག་ཏུ་འཕོ་བར་བྱོས། གང་ལྟར་ཞེ་ན། ཁྱོ་བོ་རང་གི་ཆུང་མ་དང་ལྷན་ཅིག་དང་། བགྲེས་པོ་ནི་ན་སོ་རྫོགས་པ་དང་ལྷན་ཅིག་ཏུ་འཛིན་པར་འགྱུར། ༡༢ ཡང་དེ་དག་གི་ཁང་པ་དང་། ཞིང་དང་། ཆུང་མ་དང་བཅས་གཞན་གྱིས་དབང་བར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁོ་བོས་ཡུལ་གྱི་མི་རྣམས་ཀྱི་ཐོག་ཏུ་ཉིད་ཀྱི་ཕྱག་ནར་རྐྱོང་བར་བྱའོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༣ དེ་ཅི་ལ་ཟེར་ན། དེ་དག་གི་ནང་ནས་ཆུང་ངུ་ནས་བཟུང་སྟེ་ཆེན་པོའི་བར་དུ་ཐམས་ཅད་བརྣབས་སེམས་དང་ལྡན་ཏེ། ལུང་སྟོན་པ་ནས་བཟུང་སྟེ་བླ་མའི་བར་དུ་རེ་རེས་ཟོལ་ཟོག་གི་ལས་བྱེད། ༡༤ ཞི་བདེ་མེད་བཞིན་དུ། ཞི་བདེ། ཞི་བདེའོ་ཟེར་ཞིང་། ངའི་མི་སྡེའི་བུ་མོའི་རྨ་དེ་ཕྱི་ལོག་ནས་གསོ་བར་བྱས། ༡༥ དེ་དག་གིས་ལས་ཞེན་ལོག་བྱེད་དུས་ངོ་ཚ་བར་གྱུར་ཏམ། གར། དེ་ཅུང་ཟད་ཅིག་ཀྱང་ངོའང་མ་ཚ། ཁྲེལ་བའང་མ་ཚོར་རོ། དེ་བས་ན་ལྷུང་རྒྱུ་དག་དེ་དག་གི་ནང་དུ་ལྷུང་ཞིང་། ངས་དེ་དག་ལ་ལན་འཇལ་དུས་སུ་དེ་དག་སྒྱེལ་བར་འགྱུར། ཞེས་ཡ་ཧོ་ཝཱས་གསུང་ངོ་༎
༡༦ ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ལམ་རྣམས་ཀྱི་ཁར་འགྲེང་ཞིང་ལྟོས་ཤིག སྔ་མའི་ལམ་རྣམས་ཀྱི་ཕྱིར་དྲིས་ཤིག ལམ་བཟང་པོ་དེ་ག་ན་འདུག དེའི་ནང་དུ་འགྲུལ་ཞིག་དང་། རང་གི་སེམས་ཀྱི་དོན་དུ་ངལ་གསོ་ཐོབ་པར་འགྱུར། འོན་ཀྱང་དེ་དག་གིས་ངེད་དེའི་ནང་དུ་འགྲུལ་བར་མི་བྱའོ་སྨྲས་སོ། ༡༧ དེའི་སྟེང་དུ་ངས་ཁྱོད་ཀྱི་ཐོག་ཏུ་སོ་པ་ཡང་བསྐོས་ཏེ། རྒྱ་དུང་གི་སྒྲ་ལ་ཉོན་ཞིག གསུང་མོད། དེ་དག་གིས། ང་ཚོས་ཉན་པར་མི་བྱའོ་ཟེར་བྱུང་། ༡༨ དེས་ན་མི་བརྒྱུད་ཁྱོད་རྣམས་ཉོན་ཞིག ཀྱེ་མི་ཚོགས་དེ་དག་གི་ནང་ན་ཅི་འདུག་རྟོགས་པར་བྱོས་ཤིག ༡༩ ཀྱེ་ས་གཞི་ཉོན་ཞིག ཀྱེ་ཧོ། དེ་དག་གིས་ངའི་བཀར་མ་ཉན་པར། ངའི་བཀའ་རྒྱ་སྤངས་པའི་རྐྱེན་གྱིས། མི་སྡེ་འདིའི་ཐོག་ཏུ་དེ་དག་རང་གི་བསམ་པའི་འབྲས་བུ་ཡིན་པའི་བར་ཆད་དེ་ངས་འབེབས་པར་བྱའོ། ༢༠ ཅིའི་དོན་དུ་ཤེ་བཱ་ནས་བདུག་སྤོས་དང་། ཡུལ་རྒྱང་རིང་པོ་ནས་སྤོས་ཆག་ངའི་དྲུང་དུ་སླེབ། ཁྱོད་ཀྱི་སྦྱིན་སྲེག་རྣམས་ལ་ང་མི་དགའ། ཁྱོད་ཀྱི་དམར་མཆོད་རྣམས་ལ་ང་མི་མགུ་བས་ན། ༢༡ ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག ངས་མི་སྡེ་འདིའི་མདུན་དུ་བསླུ་རྡོ་རྣམས་བཞག དེ་ནས་ཕ་དང་བུ་རྣམས་ལྷན་ཅིག་ཏུ་དེ་དག་ལ་འཁད་རྒྱབ་ཅིང་། ཁྱིམ་མཚེས་རང་གི་གྲོགས་པོ་དང་ལྷན་ཅིག་ཏུ་མེད་པར་འགྱུར།
༢༢ ཡ་ཧོ་ཝཱས་འདི་སྐད་གསུང་། ལྟོས་ཤིག བྱང་གི་ཡུལ་ནས་མི་བརྒྱུད་ཅིག་འོང་གིན་འདུག ས་གཞིའི་མཐའ་མའི་མཐའ་མ་རྣམས་ལས་མི་རིགས་ཆེན་པོ་ཞིག་ཡར་ལྡང་བར་འགྱུར། ༢༣ དེ་དག་གིས་གཞུ་དང་མདུང་ཐོགས་ཏེ། དྲག་ཤུལ་ཆེ་ཞིང་སྙིང་རྗེ་མེད། རྒྱ་མཚོ་བཞིན་དུ་དེ་དག་གིས་ང་རོ་འདོན། དེ་དག་རྟ་ལ་ཞོན་ཞིང་། དམག་གི་སྐྱེ་བོ་ལྟར་ཁྱོད་ཀྱི་ཐད་དུ་དམག་གྲལ་ཤོམ་པར་བྱེད། ཀྱེ་ཙི་ཨོན་གྱི་བུ་མོ༎
༢༤ ངེད་ཅག་གིས་དེ་དག་གི་མིང་གྲགས་ཐོས་པས། ལག་རྩ་ལོད་དེ། ངེད་ཅག་སྐྱེ་གཟེར་གྱིས་ཐེབས་པའི་བུད་མེད་ལྟ་བུའི་སེམས་བརྡུངས་དང་ཟུག་གཟེར་གྱིས་ཐེབས་བྱུང་།
༢༥ དགྲ་བོའི་རལ་གྲི་དང་འཇིགས་པ་ཕྱོགས་ཀུན་ལ་ཡོད་དེ། ཐང་ལ་མ་འགྲོ། རྒྱ་ལམ་ནའང་མ་དོང་ཞིག ༢༦ ཀྱེ་ངའི་མི་སྡེའི་བུ་མོ། རྐེད་པ་ལ་རེ་བ་ནག་པོ་དཀྲིས་ལ། གོག་ཐལ་གྱི་ནང་དུ་འགྲེ་ལྡོག་རྒྱོབ་ཅིག ཁྱོད་ཀྱིས་བུ་གཅིག་པོ་ཤི་འདྲའི་མྱ་ངན་བྱེད་ཅིང་། སྙིང་རབ་ཏུ་འཁྲུགས་པའི་ཆོ་ངེས་བྱོས་ཤིག དེ་ཅིའི་ཕྱིར་ཞེ་ན། ཁྲེ་གཏོར་བྱེད་མཁན་དེ་བློ་བུར་དུ་ངེད་ཅག་གི་ཐོག་ཏུ་སླེབ་པར་འགྱུར་བའི་ཕྱིར་རོ༎
༢༧ ཁྱོད་ཀྱིས་ངའི་མི་སྡེའི་ལམ་དེ་ཤེས་པ་དང་ཞིབ་དཔྱོད་བྱེད་པའི་དོན་དུ། ངས་ཁྱོད་ནི་དེ་དག་གི་དཀྱིལ་དུ་ཞིབ་དཔྱོད་པ་དང་རྫོང་ཞིག་ཏུ་བཞག་ཡོད། ༢༨ དེ་དག་ཐམས་ཅད་ཚོད་མེད་ངོ་ལོག་ཅན་ཏེ། གཏམ་ངན་བརྗོད་ཀྱིན་འཁོར། འདི་དག་ར་གན་དང་ལྕགས་ཡིན། དེ་དག་ཐམས་ཅད་བརླགས་བྱེད་ཡིན། ༢༩ མེས་ཞ་ཉེ་སྲེག་ཕྱིར་སྦུད་པ་དྲག་ཏུ་འབུད་ནའང་། སྡིག་སྤྱོད་ནི་མི་འདོན་པས། དོན་མེད་དུ་ལྷད་འདོན་གྱིན་འདུག ༣༠ ཡ་ཧོ་ཝཱས་དེ་རྣམས་འདོར་བར་མཛད་ཟིན་པས། དེ་དག་གི་མིང་དུ་དངུལ་ལྷད་ཡོད་མཁན། ཞེས་མིས་འདོགས་པར་འགྱུར་རོ༎