༥༦
ཡ་ཧོ་ཝཱས་འདི་སྐད་གསུང་། ཁྲིམས་དྲང་པོ་ཡིད་ལ་བཅངས་ཏེ། དྲང་བ་ཉིད་ལ་སྤྱོད་ཅིག གང་ལ་ཞེ་ན། ངའི་ཐར་པ་ནི་འབྱོན་དུ་ཉེ་ཞིང་། ངའི་དྲང་བ་ཉིད་མངོན་དུ་ཡོད་པས། ༢ དེ་བཞིན་དུ་སྤྱོད་པའི་མི་དང་། དེ་འཆང་བའི་མིའི་བུ་དང་། ཤབ་བཱད་མི་བརླག་པ་ལ་འཛེམ་པ་དང་། ངན་པ་གང་རུང་ལས་རང་གི་ལག་པ་སྲུང་བ་དག་བདེའོ། ༣ ཡ་ཧོ་ཝཱ་དང་འདྲེས་པའི་མི་ཡན་གྱིས་ཀྱང་། ཡ་ཧོ་ཝཱས་ཉིད་ཀྱི་འབངས་ལས་ང་ཡོངས་སུ་ཁ་ཕྲལ་ཏོ་ཞེས་ཟེར་བར་མི་བྱ། ཉུག་རུམ་གྱིས་ཀྱང་། ལྟོས། ང་སྡོང་པོ་སྐམ་པོའི་ཞེས་ཟེར་བར་མི་བྱའོ། ༤ དེ་ཅིའི་ཕྱིར་ཞེ་ན། ངའི་ཤབ་བཱད་སྲུང་བ་དང་། ང་ཅི་མཉེས་པ་དག་འདམ་མཁན་དང་། ངའི་ཞལ་ཆད་འཆང་བའི་ཉུག་རུམ་གྱི་སྐོར་ཡ་ཧོ་ཝཱས་འདི་སྐད་དུ། ༥ ངས་དེ་དག་ལ་ཉིད་ཀྱི་ཕོ་བྲང་དང་། ལྕགས་རིའི་ནང་དུ་གནས་ས་ཞིག་དང་། སྲས་དང་སྲས་མོའི་མིང་ལས་དྲག་པའི་མིང་ཞིག་ཀྱང་སྟེར་ཞིང་། བརྟན་འཇགས་ཀྱི་མིང་སེལ་མི་འཕོག་པ་ཞིག་ཀྱང་སྦྱིན་པར་བྱའོ། ༦ ཡང་ངས་ཡ་ཧོ་ཝཱ་དང་མཐུན་པའི་མི་ཡན་དག་ཀྱང་ཁོང་ལ་ཞབས་ཏོག་བྱེད་པ་དང་། ཡ་ཧོ་ཝཱའི་མཚན་གཅེས་པར་འཛིན་པ་དང་། ཁོང་གི་བྲན་པོར་གྱུར་བ་དང་། ཐམས་ཅད་ཀྱིས་ཤབ་བཱད་མི་བརླགས་པར་སྲུང་བ་དང་། ངའི་ཞལ་ཆད་དམ་དུ་བཟུང་བ་རྣམས་ཀྱང་། ༧ ངས་ཉིད་ཀྱི་རི་བོ་དམ་པར་འདྲོངས་པར་བྱ་སྟེ། ང་ལ་སྨོན་ལམ་འདེབས་པའི་ཕོ་བྲང་གི་ནང་དུ་ཡི་རངས་པར་བྱའོ། ངའི་མཆོད་ཁྲིར་དེ་དག་གི་སྦྱིན་སྲེག་དང་མཆོད་པ་བསྙེན་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ངའི་ཁང་པ་ལ་མི་རིགས་ཐམས་ཅད་ཀྱིས་སྨོན་ལམ་འདེབ་ས་ཟེར་བར་འགྱུར། ༨ ཁ་ཐོར་དུ་ཡོད་པའི་ཨིས་ར་ཨེལ་སྡུད་པའི་ཡ་ཧོ་ཝཱས་འདི་སྐད་གསུང་། དེའི་དྲུང་བསྡུས་ཟིན་པ་དག་མ་ཟད་པར་ངས་ད་དུང་གཞན་རྣམས་ཀྱང་དེའི་དྲུང་དུ་སྡུད་པར་བྱའོ༎༩ ཀྱེ་རིའི་རི་དྭགས་ཐམས་ཅད་དང་། ནགས་ཚལ་གྱི་གཅན་གཟན་ཁྱོད་ཀུན་ཟ་བ་ལ་ཤོག་ཅིག ༡༠ དེའི་སོ་པ་དག་ལོང་བ་སྟེ། དེ་ཐམས་ཅད་གཏི་མུག་ཅན། ཐམས་ཅད་སྐད་འདོན་མི་ནུས་པའི་ཁྱི་ལྐུགས་པ། གཉིད་གཡུར་བ། ཉལ་བ། གཉིད་ལ་ཆགས་པའོ། ༡༡ འོན་དེ་དག་ནམ་དུ་ཡང་མི་འགྲང་བའི་ཁྱི་ལྟོགས་དང་། ཧ་གོ་རྒྱུ་མེད་པའི་ལུག་རྫིའོ། གཅིག་ཀྱང་མ་ལུས་པར་རང་རང་གི་ཁེ་འབོགས་འཚོལ་དུ་ཐམས་ཅད་རང་གི་ལམ་དུ་ལོག ༡༢ དེ་དག་གིས་ཚུར་ཤོག ངས་རྒུན་ཆང་འདྲོངས་ཤིང་། ངེད་ཆང་གར་བས་ངོམ་པར་བྱ། སང་གི་ཉི་མ་ཡང་དེ་རིང་ལྟ་བུ་ལས། ཚོད་མེད་པའི་ཞག་ཆེན་པོ་ཞིག་འབྱུང་བར་འགྱུར་རོ། ཞེས་ཟེར་རོ༎