༥༥
ཨེ་མ། སྐོམ་པ་ཐམས་ཅད་ཆུ་རྣམས་ཀྱི་མདུན་དུ་ཤོག་ཅིག དངུལ་མེད་པ་རྣམས་ཀྱང་ཤོག་ལ། ཉོས་ཤིག ཟོས་ཤིག འོ་ན། ཤོག་ཅིག དངུལ་དང་རིན་མེད་པར་རྒུན་ཆང་དང་འོ་མ་ཉོས་ཤིག  ཁྱོད་ཚོས་ཁ་ཟས་མ་ཡིན་པའི་ཕྱིར་དུ་ཅི་ལ་རང་གི་དངུལ་སྲང་ལ་འདེགས། ཡང་འགྲང་རྒྱུ་མེད་པའི་ཕྱིར་ཅི་ལ་འབད། མ་གཡེངས་པར་ང་ལ་ཉོན་ཞིག བཟང་པོ་ལགས་པ་དེ་ཟོས་ཤིག རང་གི་སྙིང་ཚིལ་གྱིས་ཡི་རང་བར་བྱོས་ཤིག  རྣ་བ་བླག་ཅིང་ངའི་དྲུང་དུ་ཤོག་ཅིག་དང་། ཁྱོད་ཀྱི་སེམས་འཚོ་རུ་ཉོན་ཞིག ངས་ཁྱོད་དང་བཅས་སུ་གཏན་འཇགས་ཀྱི་ཞལ་ཆད་བྱ་ཞིང་། ཡང་དག་པའི་བྱམས་ཐུགས་དཱ་བིད་ལ་བྱས་པ་རྣམས་གནང་བར་བྱའོ།  ཀྱེ་ཧོ། ངས་ཁོང་ནི་མི་རིགས་རྣམས་ཀྱི་ཕྱིར་དཔང་པོ་དང་། མི་བརྒྱུད་དག་གི་དེད་དཔོན་དང་མངའ་བདག་ཏུ་བསྐོས་པ་ལགས།  ཀྱེ་ཧོ། ཁྱེད་ལ་རྒྱུས་མེད་པའི་མི་སྡེ་ཞིག་ལའང་ཁྱེད་ཀྱིས་འབོད་པར་འགྱུར། ཡང་ཁྱེད་ཀྱི་ངོ་མི་ཤེས་པའི་མི་རིགས་རྣམས་ཀྱིས་ཀྱང་ཁྱེད་དཔལ་དང་ལྡན་པར་མཛད་པའི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་དང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་དོན་དུ་ཁྱེད་ཀྱི་དྲུང་དུ་རྒྱུག་གིན་འོང་བར་འགྱུར་རོ༎
 ཡ་ཧོ་ཝཱ་ཐོབ་ཐུབ་དུས་སུ་ཁོང་ཚོལ་ཞིག ཁོང་ཉེ་བར་ཡོད་རིང་ལ་ཁོང་ལ་བོས་ཤིག  མི་ངན་གྱིས་རང་གི་ལམ་དང་། ཆོས་མེད་མིས་རང་གི་བསམ་སྦྱོར་རྣམས་སྤོངས་ཤིག་དང་། ཡ་ཧོ་ཝཱའི་ཐད་དུ་ལོག་ཤོག ཁོང་གིས་ཐུགས་རྗེས་གཟིགས་པར་འགྱུར། ངེད་ཀྱི་དཀོན་མཆོག་སྤྱན་སྔར་དོང་ཞིག་དང་། སྡིག་སེལ་རྒྱས་པ་ཐོབ་པར་འགྱུར་རོ།  དེ་ཅིའི་ཕྱིར་ཞེ་ན། ངའི་ཐུགས་བསམ་ནི་ཁྱོད་ཀྱི་བསམ་པའང་མིན། ཁྱོད་ཀྱི་ལམ་རྣམས་ཀྱང་ངའི་ལམ་རྣམས་མིན་པའི་ཕྱིར་རོ།  གང་ལ་ཞེ་ན། ཇི་ལྟར་ས་ལས་ནམ་མཁའ་རྣམས་མཐོ། དེ་ལྟར་ཁྱོད་ཀྱི་ལམ་རྣམས་ལས་ངའི་ལམ་རྣམས་དང་། ཁྱོད་ཀྱི་བསམ་པ་རྣམས་ལས་ངའི་ཐུགས་བསམ་རྣམས་འཕགས་པའོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་གནམ་ནས་ཁ་ཆར་འབབ་ཅིང་། གྱེན་དུ་མི་ལོག་པར། སོན་པ་ལ་ས་བོན་དང་། ཟ་མཁན་ལ་ཁ་ཟས་སྦྱོར་དུ་ས་འཆུ་ཞིང་། སྔོ་སྐྱེད་དེ་མེ་ཏོག་འབུས་སུ་འཇུག་པ་ལྟར། ༡༡ ངའི་ཞལ་ལས་འཐོན་པའི་བཀའ་མཆིད་ཀྱང་འགྱུར་འོང་ཞིང་། ངའི་དྲུང་དུ་སྟོང་པར་ལོག་མི་འོང་གི། ངས་ཅི་མཉེས་པ་དག་མཐར་བསྐྱེལ་ཏེ། ངས་གང་གི་ཕྱིར་མངགས་པའི་དོན་འགྲུབ་པར་འགྱུར་རོ། ༡༢ དེ་ཅིའི་ཕྱིར་ཞེ་ན། ཁྱེད་དགའ་མགུའི་ནང་ན་ཕྱི་རོལ་དུ་ཐོན་ཏེ། ཞི་བདེའི་ནང་ན་ཕར་འཁྲིད་པར་འགྱུར། ཁྱེད་ཀྱི་མདུན་དུ་རི་བོ་དང་བྲག་རི་རྣམས་ཀྱིས་སྐད་ཆེན་པོས་གླུ་ལེན་ཞིང་། ཐང་གི་རྩི་ཤིང་ཀུན་གྱིས་ལག་བརྡབ་གཏོང་བར་འགྱུར། ༡༣ ཚེར་ཤིང་གི་མལ་དུ་སོམ་ཤིང་བྱུང་ནས། སེ་བའི་མལ་དུ་ཧ་དས་ཤིང་སྐྱེ་བར་འགྱུར། འདི་ནི་ཡ་ཧོ་ཝཱ་ལ་མཚན་དང་། ནམ་ཡང་མི་གཅོད་པའི་རྟག་པའི་རྟགས་སུ་འགྱུར་བར་འགྱུར་རོ༎