༥༤
ཀྱེ་བུ་མི་སྐྱེ་བའི་མོ་གཤམ་གླུ་ལེན་ཞིག མངལ་དུ་བུ་མི་ཆགས་པ་ཁྱོད་འུར་སྒྲས་གླུ་ལེན་ཞིང་སྐད་ཆེན་པོ་རྒྱོབ་ཅིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོ་ཡོད་པའི་ཆུང་མའི་ཕྲུ་གུ་ལས་ཁྱོད་མེད་པའི་ཕྲུ་གུ་མང་ངོ་། ༢ རང་གི་གུར་གྱི་ས་རྒྱ་སྐྱེད་ཅིང་། རང་གི་གནས་ཚང་རྣམས་ཀྱི་ཡོལ་བ་ཐར་བགྲད་པར་བྱོས། གུ་དོག་མི་བྱེད་པར་རང་གི་ཆོན་ཐག་རིང་བ་དང་ཕུར་པ་བརྟན་པར་བྱོས་ཤིག ༣ དེ་ཅིའི་ཕྱིར་ཞེ་ན། ཁྱོད་གཡས་ཕྱོགས་དང་གཡོན་ཕྱོགས་སུ་རྒྱས་ཏེ། ཁྱོད་ཀྱི་བརྒྱུད་པས་མི་རིགས་རྣམས་ལ་བདག་གིར་བྱས་ཏེ། སྟོངས་པའི་གྲོང་ཁྱེར་རྣམས་འཛུག་པར་བྱའོ། ༤ ཁྱོད་སྐྱེང་བར་མི་འགྱུར་བས། མ་འཇིགས་ཤིག ཁྱོད་ངོ་ཞུམ་པར་མི་འགྱུར་བས། དངང་མ་སྐྲགས་ཤིག དེ་གང་ལ་ཞེ་ན། ཁྱོད་ཀྱིས་རང་གི་ན་གཞོན་གྱི་བག་མེད་པ་དེ་བརྗེད་དེ། རང་གི་མོ་རང་མོའི་སྨོད་ཟོར་དེ་སླར་དྲན་པར་མི་འགྱུར་བའི་ཕྱིར་རོ། ༥ གང་ལ་ཞེ་ན། ཁྱོད་ཀྱི་བཀོད་པ་པོ་ནི་ཁྱོད་ཀྱི་ཁྱོ་བོ་ལགས་ཏེ། ཁོང་གི་མཚན་ནི། དཔུང་ཆེན་གྱི་ཡ་ཧོ་ཝཱ་སྟེ། ཨིས་ར་ཨེལ་གྱི་དམ་པ་ཉིད་ཁྱོད་ཀྱི་སྒྲོལ་མཛད་ལགས་པ་ལ་ས་གཞི་ཐམས་ཅད་ཀྱི་དཀོན་མཆོག་ཞུ་བར་འགྱུར་རོ། ༦ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་དཀོན་མཆོག་གིས་འདི་སྐད་དུ། བཅད་པའི་ཆུང་མ་སེམས་སྐྱོ་མོ་ཡོད་པ་ལྟ་བུ་ཞིག་གམ། ན་གཞོན་གྱི་དུས་ཀྱི་ཆུང་མ་བཏོན་པ་ཞིག་དང་འདྲ་བར་ཡ་ཧོ་ཝཱས་ཁྱོད་སླར་ཡང་བོས་པ་ལགས། ༧ ཡུད་ཅིག་གི་ཕྱིར་ཁྱོད་ངས་སྤངས་ཀྱིས། བཀའ་དྲིན་ཆེན་པོའི་ནང་ནས་སྡུད་པར་བྱའོ། ༨ ཚིག་པ་འཁོལ་བའི་ནང་ན་ངས་ཁྱོད་ལས་རང་གི་ཞལ་སྐད་ཅིག་གི་ཕྱིར་ཡིབ་པར་བྱས་ནའང་། ད་མཐའ་མེད་པའི་ཐུགས་རྗེའི་ནང་ནས་ངས་ཁྱོད་ལ་བརྩེ་བར་བྱའོ། ཞེས་ཡ་ཧོ་ཝཱ་ཁྱོད་ཀྱི་སྒྲོལ་མཛད་ཀྱི་གསུང་ངོ་། ༩ དེའང་བྱ་བ་འདི་ནི་ང་ལ་ནོ་ཨའི་ཆུ་རུད་དང་འདྲའོ། གང་ལ་ཞེ་ན། ཇི་ལྟར་ངས་ད་ཕྱིན་ཆད་སླར་ནོ་ཨའི་ཆུ་ལོག་ལྟ་བུ་ས་ལ་འབབ་པར་མི་འགྱུར་རོ་ཞེས་དབུ་མནའ་བཞེས་པ་དང་མཚུངས་པར། ཡང་ངས་ཁྱོད་ལ་མི་འཁྲོ། མི་བཀྱོན་པའི་དབུ་མནའ་ཞེས་པ་ལགས་སོ། ༡༠ དེ་ཅིའི་ཕྱིར་ཞེ་ན། རི་རྣམས་འདའ་བ་དང་། རི་ཕྲན་རྣམས་གཡོ་བའང་སྲིད། འོན་ཀྱང་ངའི་བཀའ་དྲིན་ཁྱོད་དང་འབྲལ་བར་མི་འགྱུར་ཏེ། ངའི་ཞི་བདེའི་ཞལ་ཆད་ཀྱང་འབྲལ་བར་མི་འགྱུར་རོ། ཞེས་ཁྱོད་ལ་ཐུགས་རྗེ་གཟིགས་པའི་ཡ་ཧོ་ཝཱས་གསུང་ངོ་༎༡༡ ཀྱེ་སྡུག་བསྔལ་གྱིས་གདུངས་པ། རླུང་དམར་གྱིས་བསྐྱོད་པ། སེམས་གསོ་བ་དང་བྲལ་བ་ཁྱོད་ལྟོས་དང་། ངས་ཁྱོད་ཀྱི་རྩིག་རྡོ་རྣམས་མདོག་ལེགས་པོས་རྒྱན་པར་བྱ། ཁྱོད་ཀྱི་རྩིག་རྨང་དུ་ཨིནྡྲ་ནཱི་ལ་གདིང་ངོ་། ༡༢ ཁྱོད་ཀྱི་སྤེའུ་རྣམས་པད་མ་ར་ག་དང་། རྒྱ་སྒོ་རྣམས་འོད་འཐོན་པའི་རིན་པོ་ཆེ་དང་། མཐའ་འཁོར་རྣམས་རྡོ་རིན་པོ་ཆེས་བཞེང་བར་བྱའོ། ༡༣ ཡང་ཁྱོད་ཀྱི་བུ་ཐམས་ཅད་ཡ་ཧོ་ཝཱའི་ཉེ་གནས་སུ་འགྱུར་ཞིང་། ཁྱོད་ཀྱི་བུ་རྣམས་ཀྱི་ཞི་བདེ་ནི་མཆོག་ཏུ་འགྱུར་བར་འགྱུར། ༡༤ དྲང་བ་ཉིད་ཀྱི་ངང་ན་ཁྱོད་བརྟན་པར་འགྱུར། ཁྱོད་དངང་སྐྲག་པར་མི་འགྱུར་ཞིང་། དབང་ཤེད་ལས་ཁྱོད་རྒྱང་རིང་པོར་གནས་པར་འགྱུར། འཇིགས་པ་ཁྱོད་དང་ཉེ་བར་མི་སླེབ་པས། དེ་ལ་མི་འཚབས་སོ། ༡༥ ཀྱེ་ཧོ། ངའི་དགོངས་པ་མེད་པར། དེ་དག་གིས་ཀུན་སློང་བྱེད་སྲིད་ཀྱི། སུའང་ཁྱོད་ཀྱི་དགྲར་ལང་བ་ནི་ཁྱོད་ཀྱིས་རྐྱེན་ཏེ་ལྟུང་བར་འགྱུར། ༡༦ ཀྱེ་ཧོ། སོལ་མེར་ཕུ་འདེབས་ཤིང་། རང་གི་བཟོ་ལས་ཀྱི་ཕྱིར་མཚོན་ཆ་འདོན་པའི་མགར་བ་དེ་ངས་བཀོད་པ་ལགས། འཚར་དུ་གཅོད་པའི་འཇིག་བྱེད་དེའང་ངས་བཀོད་པ་ལགས་སོ། ༡༧ ཁྱོད་ལ་རྒོལ་བར་བཟོས་པའི་མཚོན་ཆ་གང་གིས་ཀྱང་ཁྱོད་ཐུབ་པར་མི་འགྱུར། ཡང་ཁྲིམས་རར་ཁྱོད་ལ་རྒོལ་བའི་ལྕེ་ལ་ཁྱོད་ཀྱིས་ཆད་པས་གཅད་དོ། འདི་ནི་ཡ་ཧོ་ཝཱའི་བྲན་པོ་དག་གི་ནོར་སྐལ་སྟེ། དེ་དག་གི་དྲང་བ་ཉིད་ང་ནས་འབྱུང་ངོ་། ཞེས་ཡ་ཧོ་ཝཱས་གསུང་ངོ་༎