༥༢
ཀྱེ་ཙི་ཨོན། གཉིད་སོད། གཉིད་སོད། རང་གི་སྟོབས་གོན་ཞིག ཀྱེ་དམ་པའི་གྲོང་ཁྱེར་ཡེ་རུ་ཤ་ལེམ། རང་གི་གཟབ་གོས་གོན་ཞིག དེ་ཅིའི་ཕྱིར་ཞེ་ན། ད་ཕྱིན་ཆད་མ་བཅད་པའམ་གྲིབ་ཅན་གང་ཡང་ཁྱོད་ཀྱི་ནང་ན་འཛུལ་བར་མི་འགྱུར་རོ། ༢ ཀྱེ་ཡེ་རུ་ཤ་ལེམ། རང་གི་རྡུལ་སྤྲུགས་ལ། ལངས་ནས་སྡོད་ཅིག ཀྱེ་ཙི་ཨོན་གྱི་བུ་མོ་བཙུན་པ་ཁྱོད། རང་གི་མཇིང་པའི་བཀྱིག་ཐག་ཁྲོལ་ཞིག ༣ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་འདི་སྐད་གསུང་། རིན་མ་བླང་བར་ཁྱོད་ཅག་བཙོང་བ་ལྟར། དངུལ་མེད་པར་སྒྲོལ་བར་ཡང་བྱའོ། ༤ གང་ལ་ཞེ་ན། ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། དང་པོར་ངའི་འབངས་རྣམས་མི་སེར་ལ་འཁྱམ་དུ་སོང་། ཡང་ཨ་སུར་པས་དོན་མེད་ལ་དེ་དག་མནན། ༥ ད་ཡ་ཧོ་ཝཱས་འདི་སྐད་གསུང་། རིན་མེད་པར་ངའི་འབངས་བཙོན་དུ་འཁྱེར་བས། འདིར་ང་ལ་དོན་ཅི་ཡོད། དེ་དག་ལ་སྲིད་བྱེད་པ་རྣམས་ཀྱིས་ཧ་ཧ་ཟེར་གྱིན། རྒྱུན་ཆད་མེད་པར་ཉིན་ཐོག་ཐག་ངའི་མཚན་ལ་སྐུར་པ་འདེབས། ཞེས་ཡ་ཧོ་ཝཱས་གསུང་། ༦ དེའི་ཕྱིར་ངའི་འབངས་ཀྱིས་ངའི་མཚན་རྟོགས་པར་ངེས་ཏེ། ཀྱེ་ཧོ། ང་འདིར་ཡོད་ཅེས་གླེང་བ་པོ་ནི་ང་ཉིད་ལགས་པ་དེ་དག་གིས་ཉིན་མོ་དེར་རྟོགས་པར་འགྱུར།༧ འཕྲིན་བཟང་པོ་སྦྲོན་ཞིང་། ཞི་བདེ་སྒྲོག་ཅིང་། བཟང་བའི་འཕྲིན་བཟང་འཁྱེར་འོང་ཞིང་། ཐར་པ་བཀར་འདོགས་ཤིང་། ཁྱོད་ཀྱི་དཀོན་མཆོག་གིས་མངའ་མཛད་དོ་ཞེས་ཙི་ཨོན་ལ་སྒྲོག་པའི་ཞབས་ནི་རི་བོ་རྣམས་ཀྱི་སྟེང་ན་ཇི་ལྟར་སྙིང་སྡུག་སྣང་། ༨ ཁྱོད་ཀྱི་སོ་པ་དག་གིས་ཀུ་ཐེག་པར་འགྱུར། དེ་དག་གིས་རམ་འདེགས་ཤིང་གླུ་ལེན་འོང་། གང་ལ་ཞེ་ན། ཡ་ཧོ་ཝཱ་ཙི་ཨོན་ལ་གདན་འཁོར་བའི་ཚེ་ན། དེ་དག་གིས་དངོས་སུ་མཇལ་བར་འགྱུར་རོ། ༩ ཀྱེ་ཡེ་རུ་ཤ་ལེམ་གྱི་ས་སྟོང་རྣམས། དགའ་དྲགས་པའི་ཀུ་སྒྲ་བྱེད་ཅིང་རམ་འདེགས་ཤིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཉིད་ཀྱི་འབངས་ཀྱི་སེམས་སོས། ཡེ་རུ་ཤ་ལེམ་ཐར་དུ་བཅུག་གོ། ༡༠ མི་བརྒྱུད་ཡོངས་ཀྱི་མིག་གི་མདུན་དུ་ཡ་ཧོ་ཝཱས་ཉིད་ཀྱི་ཕྲག་པ་དམ་པ་བརྫེས་པས། ས་ཆེན་གྱི་མཐའ་མ་ཐམས་ཅད་ཀྱིས་ངེད་ཀྱི་དཀོན་མཆོག་གི་ཐར་པ་མཐོང་བར་འགྱུར་རོ༎
༡༡ སོང་ཞིག སོང་ཞིག དེ་ནས་ཐོན་སོང་ཞིག མི་གཙང་བ་གང་ལའང་མ་རེག་ཅིག ཁོ་མོའི་དཀྱིལ་ནས་ཕྱིར་ཐོན་སོང་ཞིག ཡ་ཧོ་ཝཱའི་མཆོད་རྫས་ཐོགས་པ་ཁྱོད་གཙང་བར་གྱུར་ཅིག ༡༢ སྟབ་སྟོབ་ཏུའང་མ་ཐེགས་ཤིག འབྲོས་པའི་ཚུལ་དུའང་མ་འགྲོ་ཞིག གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་མདུན་མདུན་དུ་ཕེབས་ཤིང་། ཨིས་ར་ཨེལ་གྱི་དཀོན་མཆོག་ཁྱོད་ཀྱི་ཕྱི་རྟེན་ཡང་ལགས་པར་འགྱུར་རོ༎
༡༣ ཀྱེ་ཧོ། ངའི་ཞབས་ཕྱིས་མཁས་པའི་ལུགས་སུ་སྤྱོད་ཅིང་། མཐོ་ལ་ཞེ་ས་ལྡན་ཞིང་རབ་ཏུ་འཕགས་པར་འགྱུར་བར་འགྱུར་རོ། ༡༤ དེའི་ངོ་གདོང་ནི་མི་ཀུན་དང་མི་འདྲ་བ་དང་། བྱད་གཟུགས་ནི་མིའི་བུ་རྣམས་དང་མི་འདྲ་བར་གྱ་བར་གྱུར་པ་བཞིན་དུ། མི་དུ་མས་ཁྱེད་ལ་བལྟས་ནས་ངོ་མཚར་རྨད་དུ་གྱུར་པ་ཡིན། ༡༥ དེས་མི་རིགས་དུ་མ་ལ་གཏོད་པར་བྱ། ཁོང་གི་དྲུང་དུ་རྒྱལ་པོ་རྣམས་ཀྱིས་ཁ་འཚུམ་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་མ་བཤད་པ་དེའང་མཐོང་ཞིང་། མ་ཐོས་པ་དེའང་རྟོགས་པར་འགྱུར་རོ༎