༥༡
དྲང་བ་ཉིད་ཀྱི་རྗེས་སུ་འབྲང་ཞིང་། ཡ་ཧོ་ཝཱ་འཚོལ་བ་ཁྱོད་ཅག་གིས་ང་ལ་ཉོན་དང་། ཁྱོད་ཆད་པའི་བྲག་དང་། ཁྱོད་བཏོན་པའི་ཁུང་གི་བུ་ག་ལ་ལྟོས་ཤིག ༢ ཁྱོད་ཀྱི་ཕ་ཨབ་ར་ཧམ་དང་། ཁྱོད་བཙས་པའི་ས་རཱ་ལ་ལྟོས་ཤིག གང་ལ་ཞེ་ན། ངས་བོས་དུས་ཁོ་གཅིག་འབའ་ཞིག་ཡོད་ཀྱིས། ངས་དེ་ལ་བྱིན་གྱིས་བརླབས་ཏེ་འཕེལ་དུ་བཅུག ༣ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཙི་ཨོན་གྱི་སེམས་སོས་ཏེ། དེའི་ཁང་རོ་རྣམས་སོས་ཏེ། དེའི་འབྲོག་སྟོང་ནི་ཨེ་དེན་ལྟ་བུ་དང་། དེའི་ཐང་སྟོང་ནི་ཡ་ཧོ་ཝཱའི་སྐྱེད་མོས་ཚལ་ལྟ་བུར་མཛད་དེ། དགའ་མགུ་དང་བདེ་སྐྱིད་དེར་གནས་ཤིང་། གཏང་རག་དང་དབྱངས་ཀྱི་སྐད་འབྱུང་བར་འགྱུར་རོ༎༤ ཀྱེ་ངའི་འབངས། ང་ལ་ཉོན་དང་། ཀྱེ་ངའི་མི་སྡེ། ངའི་ཕྱོགས་སུ་རྣ་བ་ཐུད་ཅིག དེ་ཅིའི་ཕྱིར་ཞེ་ན། བདག་ལས་བཀའ་རྒྱ་ཞིག་འཐོན་པར་འགྱུར། དེ་ནས་ངས་ཉིད་ཀྱི་བཀའ་ཁྲིམས་མི་རྣམས་ཀྱི་འོད་དུ་འཇོག་པར་བྱའོ། ༥ ངའི་དྲང་བ་ཉིད་ཉེ། ངའི་ཐར་པ་ཐོན་ཟིན། ངའི་ཕྲག་པ་གཉིས་ཀྱིས་མི་རིགས་རྣམས་ཀྱི་ཞལ་ཆེ་གཅད། གླིང་ཕྲན་དག་ང་ལ་སྒུག་ཅིང་། ངའི་ཕྲག་པར་བློ་གཏད་བྱེད་པར་འགྱུར། ༦ རང་གི་མིག་རྣམས་ནམ་མཁའི་ཕྱོགས་སུ་ཐེགས་ཤིག འོག་ཏུ་ས་ལའང་ལྟོས་ཤིག ནམ་མཁའ་ནི་དུ་བ་ལྟར་ཡལ་ཞིང་། ས་ནི་གོས་ལྟར་རྙིད་ཅིང་། དེའི་ཐོག་ཏུ་གནས་པ་དག་ཀྱང་ཚུལ་དེ་བཞིན་དུ་འཆི་བར་འགྱུར་ནའང་། ངའི་ཐར་པ་ནི་རྟག་ཏུ་གནས་ཤིང་། ངའི་དྲང་བ་ཉིད་ནི་མེད་པར་མི་འགྱུར་རོ། ༧ སྙིང་གི་ནང་ན་ངའི་བཀའ་རྒྱ་ཡོད་པའི། ཀྱེ་དྲང་བ་ཉིད་ངོ་ཕྲོད་པ་རྣམས། ང་ལ་ཉོན་དང་། མིའི་སྨོད་ཟོར་གྱིས་མ་འཇིགས་ཤིག དེ་དག་གི་སྐུར་ཀླན་ལའང་མ་འཚབས་ཤིག ༨ དེ་ཅིའི་ཕྱིར་ཞེ་ན། མུག་པས་གོས་བཞིན་དུ་དེ་དག་ཟ་ཞིང་། འབུས་བལ་བཞིན་དུ་ཟ་བར་འགྱུར། འོན་ཀྱང་ངའི་དྲང་བ་ཉིད་རྟག་ཏུ་གནས་ཤིང་། ངའི་ཐར་པ་ནི་མི་རབས་ནས་མི་རབས་སུ་གནས་པར་འགྱུར་རོ༎
༩ ཀྱེ་ཡ་ཧོ་ཝཱའི་ཕྲག་པ། མནལ་ལས་བཞེངས་ཤིག བཞེངས་ཤིག མཐུ་སྟོབས་ཀྱི་ན་བཟའ་གསོལ་ཞིག སྔོན་འདས་པའི་དུས་དང་། གནའ་བོའི་མི་རབས་ཀྱི་དུས་དང་མཚུངས་པར་བཞེངས་ཤིག ཁྱེད་ནི་ར་ཧབ་བཏུབ་པ་དང་། འབྲུག་ཕིགས་མཛད་དེ་ཉིད་མ་ལགས་སམ། ༡༠ གཏིང་ཟབ་ཆེན་པོའི་རྒྱ་མཚོའི་ཆུ་རྣམས་སྐེམ་པར་བྱས་ཏེ། བླུས་པ་དག་རྐང་ཐང་ཕ་རོལ་ཕྱིན་པའི་སླད་དུ། རྒྱ་མཚོའི་གཏིང་ནི་ལམ་དུ་མཛད་མཁན་དེ་ཉིད་ཁྱེད་མ་ལགས་སམ། ༡༡ དེ་བས་ན་ཡ་ཧོ་ཝཱས་བླུས་པ་དག་ཕྱིར་ལོག་ཅིང་། དབྱངས་ལེན་གྱིན་ཙི་ཨོན་དུ་འོང་བར་འགྱུར། དེ་དག་གི་མགོ་ཐོག་ཏུ་མཐའ་མེད་པའི་བདེ་བ་དང་ལྡན་ཞིང་། དགའ་བ་དང་བདེ་བ་བརྙེས་ཏེ། ཚེར་ཁ་དང་མྱ་ངན་དེ་དག་ལས་འབྲོས་པར་འགྱུར་རོ༎
༡༢ ང་རང་རང་ཁྱོད་ཅག་གི་སེམས་གསོ་མཁན་དེ་ལགས། འཆི་རྒྱུ་ཡིན་པའི་མི་དང་། རྩྭ་ལྟ་བུར་བྱ་རྒྱུའི་མིའི་བུ་རྣམས་ལ་འཇིགས་པ་ཁྱོད་སུ་ཡིན། ༡༣ ནམ་མཁའ་རྣམས་བརྐྱངས་ཏེ། ས་ཆེན་གྱི་མ་གདན་བཏིང་བའི་རང་གི་བཀོད་པ་པོའི་ཡ་ཧོ་ཝཱ་བརྗེད་དེ། ཁྱོད་གསོད་དུ་འཕྲལ་འགྲིག་ཡོད་པ་ལྟ་བུའི། དབང་ཤེད་བྱེད་པའི་ངར་ངར་དང་ཤུག་ཤུག་ལ་དུས་རྒྱུན་དུ་ཉིན་རེ་བཞིན་འཇིགས་པ། ཁྱོད་སུ་ཡིན། ད་དབང་ཤེད་བྱེད་པའི་ངར་ངར་ཤུག་ཤུག་དེ་ག་ན་ཡོད། ༡༤ སྤྱུགས་པའི་བཙོན་པ་མྱུར་དུ་འགྲོལ་ཞིང་བཙོན་དོང་གི་ནང་མི་འགྲོ་མི་འཆི། དེའི་ཟ་ཐང་ཡང་ཆད་པར་མི་འགྱུར། ༡༥ འོན་ཀྱང་ཁྱོད་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ང་ནི་རྦ་རླབས་དྲག་ཏུ་ལང་དུས་རྒྱ་མཚོ་ཞི་བར་མཛད་པ་དེ་ལགས་སོ། ཁོང་གི་མཚན་ནི་དཔུང་ཆེན་གྱི་ཡ་ཧོ་ཝཱ་ལགས་སོ། ༡༦ ནམ་མཁའ་རྣམས་འཛུགས་པ་དང་། ས་གཞིའི་རྩིག་རྨང་འདིང་བ་དང་། ཙི་ཨོན་ལ་ཁྱོད་ངའི་འབངས་ཡིན་སྨྲ་བའི་དོན་དུ། ཁྱོད་ཀྱི་ཁ་ནང་ངའི་བཀའ་མཆིད་བཅུག་ནས། ཉིད་ཀྱི་ཕྱག་གི་བསིལ་གྲིབ་ཀྱིས་གཡོགས་སོ༎
༡༧ ཀྱེ་ཡེ་རུ་ཤ་ལེམ། གཉིད་སོད། གཉིད་སོད། ཡར་ལོངས་ཤིག ཡ་ཧོ་ཝཱའི་ཕྱག་ནས་ཁོང་གི་ཐུགས་ཁྲོའི་ཕོར་པ་ནི་ཁྱོད་ཀྱིས་བཏུངས། འདར་ཡམ་གྱི་ཕོར་པའི་སྙིགས་མ་བཏུང་ནས་བཙག་གོ། ༡༨ མོ་ལས་ཆད་པའི་བུ་ཀུན་གྱི་ནང་ནས་མོར་ལམ་སྣ་བྱེད་པ་གང་ཡང་མེད། མོས་བསྐྱངས་པའི་བུ་ཐམས་ཅད་ཀྱི་ཁྲོད་ན་མོའི་ལག་པར་འཇུ་མཁན་གཅིག་ཀྱང་མེད། ༡༩ ཁྱོད་ཀྱི་ཐོག་ཏུ་བྱ་བ་དེ་གཉིས་པོ་བྱུང་ཡང་། ཁྱོད་ཀྱི་དོན་དུ་སེམས་འཁྲལ་སུས་བྱེད། སྟོང་པ་དང་། ཚར་གཅོད་པ་དང་། མུ་གེ་དང་། རལ་གྲི་ཡོད་པས། ངས་ཁྱོད་ཀྱི་སེམས་ཇི་ལྟར་གསོ་བར་བྱ། ༢༠ ཁྱོད་ཀྱི་བུ་རྣམས་འཁམས་ཤིང་། ལམ་སྲང་ཐམས་ཅད་ཀྱི་མགོར་རྙིར་ཐེབས་པའི་གཙོད་ལྟར་ལྗར་རེ་འདུག དེ་དག་ནི་ཡ་ཧོ་ཝཱའི་ཐུགས་ཁྲོ་དང་། ཁྱོད་ཀྱི་དཀོན་མཆོག་གི་བཀའ་བཀྱོན་གྱིས་ཁེངས་སོ། ༢༡ དེ་བས་ན་ང་སྡུག་བསྔལ་གྱིས་གཟིར་བ། རྒུན་ཆང་མེད་པར་རས་བཟིས་པ་ཁྱོད་ཀྱིས་ཚིག་འདི་ལ་ཉོན་ཅིག ༢༢ ཁོང་རང་གི་འབངས་ཀྱི་རྒྱུ་རྐྱེན་གྱི་ཕྱིར་རྩོད་པའི་ཁྱོད་ཀྱི་གཙོ་བོ་ཡ་ཧོ་ཝཱ་དང་། ཁྱོད་ཀྱི་དཀོན་མཆོག་གིས་འདི་སྐད་གསུང་། ཀྱེ་ཧོ། ངས་ཁྱོད་ཀྱི་ལག་ནས་འདར་ཡམ་གྱི་ཕོར་པ་དང་། ཉིད་ཀྱི་ཁྲོ་གཏུམ་གྱི་ཕོར་པ་བླངས་པས། ད་ཕྱིན་ཆད་ཁྱོད་ཀྱིས་དེ་ལས་ཡང་འཐུང་བར་མི་འགྱུར་གྱི། ༢༣ ཁྱོད་ལ་བཙེས་པ་རྣམས་ཀྱི་ལག་ཏུ་དེ་འཇོག་པར་བྱའོ། དེ་རྣམས་ཀྱིས་ཁྱོད་ལ། ངེད་ཅག་ཁྱོད་ཀྱི་ཁར་འགྲུལ་དུ་དགུར་ཞིག་སྨྲས་ཏེ། ཁྱོད་ཀྱིས་ཀྱང་འགྲུལ་མཁན་དག་གི་མདུན་དུ་རང་གི་ཤུལ་པ་དོག་མ་ས་དང་འདྲ་བ་མ་ཟད། ལམ་སྲང་ལྟ་བུར་ཡང་བཞག་གོ།