༥༠
ཡ་ཧོ་ཝཱས་འདི་སྐད་གསུང་། ངས་བཅད་བཏང་བའི་ཁྱོད་ཀྱི་མའི་བྲལ་ཡིག་དེ་ག་ན་ཡོད། ཡང་ན། ངས་རང་གི་བུན་བདག་གང་གི་ལག་ཏུ་ཁྱོད་བཙོང་བར་བྱས། ཀྱེ་ཧོ། ཁྱོད་ཅག་རང་གི་ཉེས་སྤྱོད་ཀྱི་ཕྱིར་བཙོང་ཟིན་ཏེ། ཁྱོད་རང་གི་ཉེས་འགལ་གྱི་དོན་དུ་ཁྱོད་ཀྱི་མ་བཅད་བཏང་བ་ཡིན།
 ང་སླེབ་དུས་དེར་མི་སུའང་མེད་པ་དེ་ཅི་ཡིན། ངས་བོས་དུས་སུ་ཨང་ལན་གཏོང་མཁན་གང་ཡང་མེད་པ་དེ་ཅི་ཡིན། སྐྱོབ་མི་ནུས་སུ་ངའི་ཕྱག་ཐུང་ངུར་སོང་ངམ། ཡང་ན། སྐྱོབ་པའི་མཐུ་སྟོབས་ང་ལ་ཅིའང་མེད་དམ། ཀྱེ་ཧོ། ངས་བཀའ་བཀྱོན་པ་ཙམ་གྱིས་རྒྱ་མཚོ་སྐེམ་པར་བྱེད་ཅིང་། ཆུ་བོ་རྣམས་འབྲོག་སྟོང་དུ་བྱེད་དེ། དེ་རྣམས་ན་ཆུ་མེད་པས་ཉ་ལ་དྲི་མ་མནམ། སྐོམ་པས་འཆིའོ།  ངས་ནམ་མཁའ་རྣམས་མུན་པས་གཡོག་ཅིང་དེ་རྣམས་ཀྱི་ཁེབས་སུ་རྩྭ་ཕད་སྐོན་ནོ༎
 ངས་ཉམས་ཐག་པ་ལ་གླེང་མོའི་ངང་ནས་ཇི་ལྟར་ར་མདའ་བྱེད་པ་དེ་རྟོགས་སུ། ཡ་ཧོ་ཝཱ་གཙོ་བོས་ང་ལ་མི་ཤེས་རབ་ཅན་གྱི་ལྗགས་ལྕེ་གནང་། སྔ་དྲོ་རེ་བཞིན་ངའི་གཉིད་གསད་པར་མཛད། ཤེས་རབ་ཅན་ལྟར་ཉན་དུ་ངའི་རྣ་བ་གཅང་པོར་མཛད་དོ།  ཡ་ཧོ་ཝཱ་གཙོ་བོས་ངའི་རྣ་བ་ཕྱེ་བར་མཛད་པས། ང་ནི་ངོ་ལོག་མཁན་ཡང་མིན། རྒྱབ་ཏུ་ལོག་མཁན་ཡང་མིན་ཏེ།  བརྡུང་མཁན་ལ་ངས་རང་གི་ཤུལ་རྒྱབ་དང་། སྨ་ར་འཕྱི་མཁན་ལ་རང་གི་འགྲམ་པ་གཏད་པ་ཡིན། ངས་རང་གི་གདོང་པ་ནི་ངོ་ཚ་བ་དང་མཆིལ་འདོར་བ་ལས་ཀྱང་མ་སྦས་པ་ཡིན།  དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་གཙོ་བོས་ང་ལ་སྐྱབས་མཛད་འོང་བས་ན། བདག་སྐྱེང་བར་མི་འགྱུར། དེའི་ཕྱིར་ངས་རང་གི་གདོང་པ་ལྕགས་རྡོ་ལྟར་བཞག་སྟེ། ང་སྐྱེང་བར་མི་འགྱུར་བ་ངས་ཤེས།  ང་རྣམ་དག་མཛད་མཁན་ཁོང་ང་དང་ཉེ་བར་མཆིས་པས། ང་ལ་རྒོལ་མཁན་སུ་ཡོད། ཚུར་ཤོག་དང་། ངེད་ལྷན་ཅིག་ཏུ་འགྲེང་བར་བྱ། ང་ལ་སྙད་འཛུག་མཁན་སུ་ཡོད། ངའི་མདུན་དུ་ཤོག་ཅིག  ལྟོས་ཤིག ཡ་ཧོ་ཝཱ་གཙོ་བོས་ང་ལ་སྐྱབས་མཛད་འོང་བས། ང་ལ་ཁྲིམས་གཅོད་མཁན་དེ་སུ་ཡིན། ལྟོས། དེ་དག་ཐམས་ཅད་གོས་ལྟར་རྙིང་པར་གྱུར་ནས་མུག་པས་ཟ་བར་འགྱུར་རོ༎
༡༠ ཁྱོད་ཅག་གི་ཁྲོད་ན་ཡ་ཧོ་ཝཱ་ལ་འཇིགས་ཤིང་། ཁོང་གི་ཞབས་ཕྱིའི་ཁ་ལ་ཉན་པ་སུ་ཞིག་ཡོད་དམ། མུན་པའི་ནང་ན་འདོང་ཞིང་འོད་མེད་པ་དེ་ནི་ཡ་ཧོ་ཝཱའི་མཚན་ལ་དད་ཅིང་། རང་གི་དཀོན་མཆོག་ལ་བློ་གཏད་ཆོལ་ཞིག ༡༡ ཀྱེ་ཧོ། ཁྱོད་མེ་སྤར་མཁན་དང་། མགལ་མེས་རང་སྐོར་བར་བྱེད་པ་ཐམས་ཅད། ཁྱོད་རང་གི་མེའི་མེ་ལྕེ་དང་། རང་གིས་སྤར་བའི་མགལ་མེའི་ནང་དུ་སོང་དང་། ཁྱོད་སེམས་སྡུག་གི་ངང་ན་ལྕར་རེ་སྡོད་རྒྱུ་འདི་ངའི་ལག་ནས་ཐོབ་པར་འགྱུར་རོ༎