༤༩
ཀྱེ་གླིང་ཕྲན་དག་ཚུར་ཉོན་དང་། ཀྱེ་ས་ཐག་རིང་པོར་ཡོད་པའི་མི་སྡེ་རྣམས་རྣ་བས་ཉོན་ཞིག ཡ་ཧོ་ཝཱས་ང་ལ་མངལ་གྱི་ནང་ནས་བོས་ཏེ། ང་རང་གི་མའི་གྲོད་པའི་ནང་ཡོད་དུས་ནས་ཁོང་གིས་ངའི་མིང་བརྗོད་དེ། ༢ ཁོང་གིས་ངའི་ཁ་ནི་རལ་གྲི་རྣོ་བ་ལྟར་མཛད་དེ། ཁོང་གི་ཕྱག་གི་གྲིབ་བསིལ་འོག་ང་སྦས་ཏེ། ང་ནི་འོད་ཆགས་པའི་མདའ་རུ་མཛད་ནས། ཁོང་གི་མདའ་དོང་ནང་དུ་བདག་བཅབ་བོ། ༣ ཡང་ཁོང་གིས་ང་ལ། ཁྱོད་ངའི་ཞབས་ཕྱི་ཡིན། ཀྱེ་ཨིས་ར་ཨེལ། ཁྱོད་ཀྱི་ནང་ན་ང་དཔལ་དང་ལྡན་པར་འགྱུར་རོ། ཞེས་གསུངས་པ་དང་། ༤ ངས་ཞུས་པ། ངས་དོན་མེད་དུ་དཀའ་ལས་བྱས་ཏེ། ངས་ཆུད་ཟོན་དང་སྟོང་ཟད་དུ་རང་གི་སྟོབས་ཟད་དུ་བཅུག་གི། ངའི་གཤགས་ནི་དཀོན་མཆོག་མཉམ་དང་། ངའི་རྔན་པ་ངའི་དཀོན་མཆོག་དང་ལྷན་ཅིག་ཏུ་ཡོད་པར་ངེས་སོ། ༥ ཡ་ཀོབ་སླར་ཡང་ཁོང་གི་དྲུང་དུ་འཁྱེར་བ་དང་། ཨིས་ར་ཨེལ་ཁོང་གི་མདུན་དུ་སྡུད་པའི་སླད་དུ། བདག་ཞབས་ཕྱི་ལ་འགྱུར་དུ་མངལ་གྱི་ནང་ནས་བཀོད་པའི་ཡ་ཧོ་ཝཱས་ད་ལྟ་འདི་སྐད་གསུང་། ཡ་ཧོ་ཝཱའི་སྤྱན་ལམ་དུ་ང་དཔལ་དང་ལྡན་ཏེ། ངའི་དཀོན་མཆོག་ངའི་མཐུ་སྟོབས་ཡིན་པའི་ཕྱིར་རོ། ༦ འོ་ན། ཁོང་གིས་འདི་སྐད་གསུང་། ཡ་ཀོབ་ཀྱི་སྡེ་རྣམས་སློང་བ་དང་ཨིས་ར་ཨེལ་གྱི་ཕྱི་ལུས་འགུག་པའི་དོན་དུ་ཁྱོད་ངའི་ཞབས་ཕྱིར་འགྱུར་བ་ནི་ཤིན་ཏུ་སླ་བས་ན། ཁྱོད་ས་མཐའི་བར་དུ་ཡང་ངའི་ཐར་པ་ལ་འགྱུར་དུ། ངས་ཁྱོད་ཕྱི་པ་རྣམས་ཀྱི་འོད་དུ་འགྱུར་བའི་ཕྱིར་སྦྱིན་པར་བྱའོ༎༧ མི་རྣམས་ཀྱིས་ཁྱད་དུ་སོད་པ་དང་། མི་རིགས་ཀྱིས་ཞེན་ལོག་པ་དང་། དཔོན་པོ་རྣམས་ཀྱི་བྲན་པོ་ལགས་པ་དེ་ལ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་སྒྲོལ་མཛད་དང་། དེའི་དམ་པ་ཉིད་ཀྱིས་འདི་སྐད་གསུང་། ཡ་ཧོ་ཝཱ་བཀའ་ལས་མི་འགལ་བ་དང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་ཁྱོད་འདམས་པའི་རྐྱེན་གྱིས། རྒྱལ་པོ་དག་གིས་མཐོང་བ་དང་ཀེར་ལངས་ཏེ། རྒྱལ་ཕྲན་དག་གིས་ཀྱང་སྲི་ཞུ་བྱེད་པར་འགྱུར། ༨ ཡ་ཧོ་ཝཱས་འདི་སྐད་གསུང་། ཡིད་དུ་འོང་བའི་དུས་སུ་ངས་ཁྱོད་ཀྱི་སྨོན་ལམ་བསྐངས་ཏེ། ཐར་པའི་ཉིན་པར་ཁྱོད་ལ་གྲོགས་ཀྱང་བྱས། ཡང་ཡུལ་ཁམས་ནི་ཡར་སློང་ཞིང་། སྟོངས་པ་རྣམས་ནོར་བདག་བུ་རྣམས་ལ་ནོར་སྐལ་དུ་གནང་བའི་དོན་དུ། ངས་ཁྱོད་བསྲུང་ཞིང་འབངས་ལ་ཞལ་ཆད་དུ་གནང་བར་བྱ། ༩ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་བཙོན་པ་དག་ལ། ཐོན་སོང་ཟེར་བ་དང་། མུན་པའི་སྨག་རུམ་ནང་ཡོད་པ་རྣམས་ལ། ཁྱོད་རང་སྟོན་པར་བྱོས་ཤིག་ཅེས་སྒོ་བའི་ཕྱིར་རོ། དེ་ནས་དེ་དག་ལམ་ཁར་ཡང་རྩྭ་ཟ་ཞིང་། སྒང་སྐམ་པོ་རྣམས་ཀྱང་དེ་དག་གི་རྩྭ་ཁར་འགྱུར་འོང་བས། ༡༠ དེ་དག་ལྟོགས་པའམ་སྐོམ་པར་མི་འགྱུར། ཚད་པའམ་ཉི་མས་དེ་དག་ལ་གདུང་བར་མི་འགྱུར། གང་ལ་ཞེ་ན། དེ་དག་ལ་བརྩེ་བར་མཛད་མཁན་གྱིས་དེ་རྣམས་ཁྲིད་ཅིང་། ཆུའི་ཆུ་མིག་དག་གི་མདུན་ནས་ལམ་སྣ་འདྲོངས་པར་འགྱུར་བའི་ཕྱིར་རོ། ༡༡ ཡང་ངས་ཉིད་ཀྱི་རི་བོ་ཐམས་ཅད་རྒྱ་ལམ་ཞིག་ཏུ་བྱས་ཏེ། ངའི་གཞུང་ལམ་རྣམས་ཡར་འདེགས་པར་བྱ། ༡༢ ཀྱེ་ཧོ། འདི་དག་ཐག་རིང་ནས་འོང་བར་འགྱུར། ལྟོས་ཤིག ལ་ལ་བྱང་ཕྱོགས་དང་ནུབ་ཕྱོགས་ནས། ལ་ལ་ཤི་ནིམ་ནས་འོང་བར་འགྱུར་རོ། ༡༣ ཀྱེ་ནམ་མཁའ་རྣམས་གླུ་ལོང་ལ། ཀྱེ་ས་གཞི། ཡི་རངས་ཤིག ཀྱེ་རི་བོ་རྣམས། གླུ་སྐད་ཆེམ་ཆེམ་གྱིས་ཤིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཉིད་ཀྱི་འབངས་ཀྱི་སེམས་སོས་ཏེ། ཉིད་ཀྱི་སྡུག་ཕོངས་པ་རྣམས་ལ་སྙིང་རྗེ་མཛད་པར་འགྱུར་རོ༎
༡༤ འོན་ཀྱང་ཙི་ཨོན་གྱིས། ཡ་ཧོ་ཝཱས་ང་བསྐྱུར་ཏེ། ངའི་གཙོ་བོས་ང་བསྙེལ་བ་ལགས་ཟེར་རོ། ༡༥ ཨ་མས་རང་གི་ཕྲུ་གུ་འོ་འཐུང་རྗེད་ཅིང་། རང་གི་མངལ་གྱི་བུར་སྙིང་མི་བརྩེ་བའང་འབྱུང་སྲིད་དམ། འོ་ན། དེ་ཚོས་རྗེད་སྲིད་རུང་། ངས་ནི་ཁྱོད་བརྗེད་པར་མི་བྱའོ། ༡༦ ལྟོས་ཤིག ཉིད་ཀྱི་ཕྱག་མཐིལ་ཁར་ངས་ཁྱོད་བརྐོས་ཡོད། ཁྱོད་ཀྱི་ལྕགས་རི་རྣམས་རྟག་ཏུ་ངའི་སྤྱན་སྔར་ཡོད། ༡༧ ཁྱོད་ཀྱི་བུ་རྣམས་ཀྱིས་རིངས་པ་བྱེད། ཁྱོད་རློག་མཁན་དང་ཁྱོད་སྟོངས་སུ་བཅུག་པ་རྣམས་ཁྱོད་ཀྱི་ནང་ནས་འཐོན་འགྲོ་བར་འགྱུར་རོ། ༡༨ རང་གི་མིག་ཡར་ཐེགས་ཤིང་ཕྱོགས་བཞིར་ལྟོས་དང་། འདི་དག་ཐམས་ཅད་ལྷན་ཅིག་ཏུ་ཚོགས་ཏེ་ཁྱོད་གང་ན་བར་འོང་གིན་གདའ། ཡ་ཧོ་ཝཱས་འདི་སྐད་དུ། ངས་ཉིད་ཀྱི་གསོན་པ་ཉིད་དཔང་དུ་བཙུགས་ནས། ཁྱོད་ཀྱིས་དེ་ཐམས་ཅད་རང་ལ་རྒྱན་ཆ་ལྟར་བརྒྱན་ཏེ། བག་མ་ལྟར་ཁྱོད་ཀྱིས་དེ་དག་གདགས་པར་ངེས་སོ། ༡༩ ང་སྟོངས་པ་དང་བཞིག་པའི་ཁྱོད་ཀྱི་གནས་རྣམས་དང་། བཤིག་ཡོད་པའི་ཁྱོད་ཀྱི་ཡུལ་གྱི་ནང་ན་ནི་གཞིས་པ་མང་དྲགས་པས། གུ་དོག་པར་ཡང་འགྱུར་ཏེ། ཁྱོད་ལ་ཁྱུར་མིད་བྱས་པ་དག་རྒྱང་རིང་པོར་འཁྱམ་པར་འགྱུར་རོ། ༢༠ གཞན་ཡང་ཁྱོད་ཀྱི་བུ་རྣམས་སྟོར་བའི་རྗེས་སུ་ཁྱོད་ལ་སྐྱེས་པ་རྣམས་ཀྱིས་ཁྱོད་ཀྱི་རྣ་བར། དེ་དག་ལ་གནས་འདི་ཤིན་ཏུ་གུ་དོག་པས། ངས་གཞིས་བཟུང་བའི་ཕྱིར་གནས་ས་ཞིག་སྦྱིན་ཞིག་ཅེས་ཞུ་བར་འགྱུར། ༢༡ དེ་ནས་ཁྱོད་ཀྱིས་རང་གི་སྙིང་ན། ང་བུ་དང་བྲལ་ཏེ་སྐྱེ་ཐག་ཆད་ནས། ང་བཙོན་དུ་ཁྱེར་ཏེ་མི་ཡུལ་དུ་འཁྱམས་ནས་བསྡད་པས། འདི་དག་ང་ལ་སུས་བསྐྱེད་པར་བྱས། ཡང་འདི་དག་གི་གསོ་སྐྱོང་སུས་བྱས། ལྟོས་ཤིག ང་ནི་གཅིག་པུར་ཡོད་པས། འདི་དག་གར་ཡོད་པ་ཡིན། ཞེས་ཟེར་བར་འགྱུར་རོ༎
༢༢ ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་ལྟར་གསུང་བར་མཛད། ཀྱེ་ཧོ། ངས་ཕྱི་པ་དག་ལ་ཉིད་ཀྱི་ཕྱག་བཏེགས་ཏེ། མི་བརྒྱུད་རྣམས་ཀྱི་ཐད་དུ་ཉིད་ཀྱི་དར་ཆེན་སྒྲེང་བར་བྱ། དེ་ནས་དེ་དག་གིས་ཁྱོད་ཀྱི་བུ་རྣམས་པང་དུ་ཐོགས་ནས་འོང་བར་འགྱུར། ཁྱོད་ཀྱི་བུ་མོ་རྣམས་གཉའ་བར་བསྐྱོན་ནས་སྐྱེལ་བར་འགྱུར། ༢༣ ཡང་རྒྱལ་པོ་རྣམས་ཁྱོད་གསོ་བའི་ཕ་དང་། དེ་དག་གི་རྒྱལ་མོ་རྣམས་ཁྱོད་སྲེལ་བའི་མ་ལ་གྱུར་ཏེ། དེ་དག་གིས་ས་ལ་ཁ་འབུབ་ཏུ་དགུར་ནས། ཁྱོད་ཀྱི་རྐང་པའི་རྡུལ་ཡང་ལྡག་པར་བྱའོ། དེ་ནས་ཁྱོད་ཀྱིས་ང་ནི་ཡ་ཧོ་ཝཱ་ལགས་པ་ངོ་འཕྲོད་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ང་ལ་སྒུག་པ་རྣམས་སྐྱེངས་པར་མི་འགྱུར་རོ༎
༢༤ གྱད་པ་ལས་བཅོམ་ནོར་འཕྲོག་པའམ། ཁྲིམས་དང་མཐུན་པར་བཙོན་དུ་བཟུང་བ་དེ་ཐར་བར་སྲིད་དམ། ༢༥ འོན་ཀྱང་ཡ་ཧོ་ཝཱས་འདི་སྐད་དུ། གྱད་པའི་བཙོན་པ་རྣམས་འཁྱེར་ཞིང་། མི་དྲག་པོའི་བཅོམ་ནོར་ཕྱིར་ལེན་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ལ་འཐབ་པ་དེ་དང་ངས་འཐབ་ཅིང་། ངས་ཁྱོད་ཀྱི་བུ་རྣམས་སྒྲོལ་བར་བྱའོ། ༢༦ ཁྱོད་ལ་བརྡབ་སིགས་བྱས་པ་དེ་དག་རང་གི་ཤ་ཟ་རུ་འཇུག་ཅིང་། རྒུན་ཆང་གསར་པ་ལྟར་དེ་དག་རང་གི་ཁྲག་གིས་བཟི་བར་འགྱུར། དེ་ནས་ལུས་ཅན་ཡོད་དོ་ཅོག་གིས་ང་ཡ་ཧོ་ཝཱ་ཡ་ཀོབ་ཀྱི་མཐུ་ལྡན་ཉིད་ཁྱོད་ཀྱི་སྒྲོལ་མཛད་དང་། ཁྱོད་ཀྱི་སྐྱབས་མགོན་ལགས་པ་ངོ་འཕྲོད་པར་འགྱུར་རོ༎