༤༨
ཨིས་ར་ཨེལ་གྱི་མིང་ནས་བོས་པ་དང་། ཡ་ཧུ་དཱའི་ཆུ་རྣམས་ལས་བྱུང་བ་དང་། ཡ་ཧོ་ཝཱའི་མཚན་གྱི་མནའ་སྐྱེལ་བ་དང་། བདེན་པ་ཉིད་དང་དྲང་བ་ཉིད་ལས་བྲལ་ཏེ། ཨིས་ར་ཨེལ་གྱི་དཀོན་མཆོག་བརྗོད་པར་བྱེད་མཁན། ཀྱེ་ཡ་ཀོབ་ཀྱི་ཁྱིམ་ཁྱོད་འདི་ལ་ཉོན་དང་།  གང་ལ་ཞེ་ན། དེ་དག་གིས་རང་ལ་དམ་པའི་གྲོང་ཁྱེར་པ་དང་། མཚན་དུ་དཔུང་ཆེན་གྱི་ཡ་ཧོ་ཝཱ་ལགས་པའི་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་བློ་གཏད་བྱེད་མཁན་ཡིན་ནོ་ཟེར།  སྔར་བྱུང་བ་རྣམས་ངས་ཐོག་མ་ནས་བསྟན་པ་ཡིན། དེ་དག་ངའི་ཞལ་ནས་ཐོན་ཏེ། དེ་དག་ངས་མངོན་པར་བྱས་ནས། དེ་དག་བློ་བུར་དུ་ངས་བསྒྲུབ་པ་དང་། དེ་དག་གྲུབ་པར་གྱུར་ཏོ།  གང་གི་དོན་དུ་ཞེ་ན། ཁྱོད་རང་ཁ་ལོ་གྱོང་པོ་ལགས་པ་དང་། ཁྱོད་ཀྱི་མཇིང་རྩ་ནི་ལྕགས་དང་། དཔྲལ་བ་ནི་ར་གན་ཡིན་པ་ངས་སྔར་ནས་ཤེས་པ་ཡིན།  ཁྱོད་ཀྱིས་འདི་དག་ངའི་སྐུ་འདྲས་བསྒྲུབས་ཏེ། ངའི་རྐོས་སྐུ་དང་ངའི་བླུག་སྐུས་དེ་དག་བསྒོ་བ་ཡིན་ཞེས་སྨྲ་མི་ནུས་པའི་ཕྱིར། ངས་དེ་དག་ཐོག་མ་ནས་ཁྱོད་ལ་བཤད་དེ། མ་བྱུང་གོང་དུ་ཁྱོད་ལ་བསྟན་པ་ཡིན།  འདི་ཀུན་ལ་ལྟོས་ཤིག ཁྱོད་ཀྱིས་ཐོས་ཡོད་པས། དེ་འཆད་པར་མི་བྱའམ། ད་ལྟ་ངས་ཁྱོད་ལ་རྒྱུས་མེད་པའི་བྱ་བ་གསར་པ་དང་སྦས་པ་རྣམས་བསྟན་པ་ཡིན།  དེ་དག་ནི་སྔར་མེད་ཀྱང་ད་ལྟ་རང་བཀོད་པ་ཡིན། ཁྱོད་ཀྱིས། ལྟོས་ཤིག འདི་དག་གི་རྒྱུས་ང་ལ་ཡོད་སྨྲ་མི་ནུས་པའི་ཕྱིར། ཉིན་མོ་དེ་རིང་གི་སྔོན་དུ་ཁྱོད་ཀྱིས་མ་ཐོས།  འོ་ན། ཁྱོད་ཀྱིས་མ་ཐོས། འོ་ན། མ་རྟོགས། འོ་ན། སྔོན་མ་ནས་ཁྱོད་ཀྱི་རྣ་བ་ཕྱེས་ནས་མེད་པ་ཡིན། ཅི་ལ་ཞེ་ན། ཁྱོད་རབ་ཏུ་ལོག་པར་བྱེད་པ་ངས་སྔར་ནས་བཤེས་པ་ཡིན་ཏེ། མངལ་གྱི་དུས་ནས་ངོ་ལོག་མཁན་དུ་གྲགས་སོ།  ངས་ཁྱོད་མི་གཅོད་པའི་ཕྱིར། ངས་རང་གི་མཚན་གྱི་ངོར་ཐུགས་ཁྲོ་འགྱངས་པར་བྱ། ཉིད་ཀྱི་ཆེ་བའི་སླད་དུ་ངས་ཐུགས་བཟོད་སྒོམ་པར་བྱའོ། ༡༠ ཀྱེ་ཧོ། ངས་ཁྱོད་ཀྱི་ལྷད་བཏོན་གྱི། དངུལ་ལྟར་མ་བཏོན་པར། སྡུག་བསྔལ་གྱི་མེ་ཐབ་ཀྱི་ནང་ནས་ངས་ཁྱོད་འདམས་པ་ཡིན། ༡༡ ང་ཉིད་ཀྱི་ངོར། འོ་ན། ང་ཉིད་ཀྱི་ངོར་ངས་དེ་དག་སྒྲུབ་པར་བྱའོ། ཅིའི་སླད་དུ་བདག་གི་མཚན་ལ་གྲིབ་འཕོག་པར་རུང་། ངས་ཉིད་ཀྱི་གཟི་བརྗིད་གཞན་ལ་སྟེར་བར་མི་བྱ།
༡༢ ཀྱེ་ངས་བོས་པའི་ཡ་ཀོབ་དང་ཨིས་ར་ཨེལ་ང་ལ་ཉོན་དང་། ང་ནི་དེའོ། ང་ནི་ཐོག་མ་དང་། ང་ནི་མཐའ་མ་ཡང་ལགས་སོ། ༡༣ འོ་ན། ངའི་ཕྱག་གིས་ས་གཞིའི་རྩིག་རྨང་བཏིང་བ་ཡིན། ཡང་ངའི་ཕྱག་གཡས་པས་ནམ་མཁའ་རྣམས་བརྐྱངས་པ་ཡིན། ངས་དེ་དག་འབོད་དུས་དེ་དག་ལྷན་ཅིག་ཏུ་ཀེར་ལང་ངོ་། ༡༤ ཁྱོད་རང་ཐམས་ཅད་ལྷན་ཅིག་ཏུ་ཚོགས་ལ་ཉོན་ཞིག དེ་ཀུན་གྱི་ནང་ནས་གཏམ་འདི་སུས་བཤད་བྱུང་། ཡ་ཧོ་ཝཱས་བྱམས་པའི་མིས་རང་ཅི་དགའ་བ་བཞིན་དུ་བཱ་བེལ་ལ་བྱེད་པར་འགྱུར། དེའི་ལག་པ་ཀལ་དཱི་པའི་ཐོག་ཏུ་སྙོབ་པར་འགྱུར་རོ། ༡༥ ང་རང་གིས་གསུང་། འོ་ན། ངས་དེ་ལ་བོས་ནས། ངས་ཁོ་དྲངས་པས། དེའི་ལམ་ནང་བཀྲ་ཤིས་པར་འགྱུར། ༡༦ ཁྱོད་ང་དང་ཉེ་བར་ཤོག་ལ་འདི་ལ་ཉོན་ཞིག ངས་ཐོག་མ་ནས་ཕག་ན་ཅིའང་མ་གསུངས། དེ་ཡོད་པའི་ཚེ་ན་ང་དེར་ཡོད་པ་ཡིན། ད་ཡ་ཧོ་ཝཱ་དཀོན་མཆོག་དང་ཁོང་གི་ཐུགས་ཉིད་ཀྱིས་ང་བཏང་བ་ཡིན་ནོ༎
༡༧ ཡ་ཧོ་ཝཱ་ཁྱོད་ཀྱི་སྒྲོལ་མཛད་ལགས་པའི་ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་འདི་སྐད་གསུང་། ཁྱོད་ལ་ཕན་པ་དེ་བསླབ་མཁན་དང་། ཁྱོད་འགྲུལ་དགོས་པའི་ལམ་ནང་འཁྲིད་མཁན་ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལགས། ༡༨ ཁྱོད་ངའི་བཀའ་རྒྱ་ལ་ཉན་ན་ཅི་མ་རུང་། དེ་ནས་ཁྱོད་ཀྱི་ཞི་བདེ་ནི་ཆུ་ཀླུང་ལྟར་དང་། ཁྱོད་ཀྱི་དྲང་བ་ཉིད་ནི་རྒྱ་མཚོའི་རྦ་རླབས་ལྟ་བུ་ཡོད་པ་ཡིན། ༡༩ ཁྱོད་ཀྱི་བུ་བརྒྱུད་བྱེ་མ་ལྟར་དང་། ཁྱོད་ཀྱི་ཁོག་པ་ལས་བཙས་པ་དག་དེའི་རྡོག་པོ་ལྟར་འཕེལ་བ་ཡིན། ངའི་དྲུང་ལས་དེའི་མིང་ཡང་མ་བཅད་མ་བཤིག་པ་ཡིན།
༢༠ ཁྱོད་བཱ་བེལ་ལས་ཐོན་ཞིག ཀལ་དཱི་པའི་དཀྱིལ་ལས་བྲོས་ཤིག གླུ་དབྱངས་ཀྱི་སྒྲ་དང་བཅས་འདི་སྒྲོག་ཅིང་ཤོད་ཅིག འོ་ན། ས་མཐའི་བར་དུ་ཡང་། ཡ་ཧོ་ཝཱས་ཉིད་ཀྱི་བྲན་པོ་ཡ་ཀོབ་ཐར་དུ་བཅུག་གོ་ཞེས་སྒྲོག་ཅིག ༢༡ ཁོང་གིས་དེ་དག་འབྲོག་སྟོང་རྣམས་ཀྱི་ནང་ནས་ཁྲིད་དུས་ཁ་མ་སྐོམས། ཁོང་གིས་དེ་དག་གི་དོན་དུ་བྲག་གི་ནང་ནས་ཆུ་བཏོན། ཁོང་གིས་བྲག་ཀྱང་བཤགས་ནས་ཆུ་མང་ཐོན། ༢༢ མི་ངན་ལ་ཞི་བདེ་མེད། ཅེས་ཡ་ཧོ་ཝཱས་གསུང་ངོ་༎