༤༧
ཀྱེ་བཱ་བེལ་གྱི་བུ་མོ་ན་ཆུང་། མར་བོབས་ལ་ཐལ་ཁྲོད་དུ་སྡོད་ཅིག ཀྱེ་ཀལ་དཱི་པའི་བུ་མོ། རྒྱལ་ཁྲི་མེད་དེ་ས་རྗེན་ཁར་སྡོད་ཅིག ད་ཕྱིན་ཁྱོད་ལ་ཤ་འཇམ་མ་དང་། འདོད་ཡོན་མ་སྨྲ་བར་མི་འགྱུར། ༢ རང་འཐག་བླངས་ཏེ་ཕྱེ་ཐོག་ཅིག རང་གི་གདོང་ཁེབས་ཐེན་ཅིག སྒྱིད་མ་ཤ་རྗེན་དང་བརླ་ཤའི་ཁེབས་ཐེན་ཅིག་དང་། གཙང་པོ་རྣམས་རྒལ་བར་གྱིས་ཤིག ༣ ཁྱོད་གཅེར་བུར་བྱས་ཏེ། འོ་ན། ཁྱོད་ཀྱི་གསང་གནས་ཀྱང་མཐོང་བར་འགྱུར། ངས་མི་གང་ལའང་མ་འཕངས་པར་དུགས་ལན་འཇལ་བར་བྱའོ༎༤ ངེད་ཅག་གི་སྒྲོལ་མཛད་ལགས་པ་ཁོང་གི་མཚན་ནི་དཔུང་ཆེན་གྱི་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དམ་པ་ཉིད་དོ༎
༥ ཀྱེ་ཀལ་དཱི་པའི་བུ་མོ། ཁ་རོག་སྡོད་ལ། མུན་པའི་སྨག་རུམ་གྱི་ནང་དུ་ཞུགས་ཤིག དེ་ཅིའི་ཕྱིར་ཞེ་ན། ད་ཕྱིན་ཆད་ཁྱོད་ལ་རྒྱལ་ཁམས་རྣམས་ཀྱི་བཙུན་མོ་ཞེས་འབོད་པར་མི་འགྱུར་བའི་ཕྱིར་རོ། ༦ ངའི་འབངས་ལ་ང་ཁྲོས་ཏེ། ངས་ཉིད་ཀྱི་ནོར་སྐལ་གྲིབ་ཅན་བྱས་པ་ཡིན། དེ་རྣམས་ཁྱོད་ཀྱི་ལག་པར་བཏད་པ་ཡིན། ཁྱོད་ཀྱིས་དེ་དག་ལ་སྙིང་རྗེ་ཅིའང་མ་བསྟན་པ་ཡིན། རྒད་པོ་ལའང་ཁྱོད་ཀྱི་གཉའ་ཤིང་ལྕི་ཤོས་དེ་བཀལ་བ་ཡིན། ༧ ཁྱོད་ཀྱིས། དུས་རྒྱུན་དུ་ང་བཙུན་མོར་ལུས་འོང་ཟེར་བ་ཡིན། དེའི་ཕྱིར་འདི་དག་ཁྱོད་ཀྱི་སྙིང་དུ་མ་འཆང་བ་ཡིན། ནམ་ཕུགས་ཀྱང་དྲན་པར་མ་བྱས།
༨ དེ་བས་ན་ད་ཚུར་ལ་ཉོན་དང་། ཀྱེ་ལོངས་སྤྱོད་ཅིང་ཚེར་ཁ་མེད་པར་བསྡད་དེ། རང་གི་སྙིང་ན་ང་རང་ཡིན་ཏེ། ང་མ་གཏོགས་པར་གཞན་གང་ཡང་མེད། ང་ཡུག་ས་མོ་ལྟར་སྡོད་པར་མི་འགྱུར། བུ་དང་འབྲལ་བའང་ངས་ཤེས་པར་མི་འགྱུར་རོ་ཞེས་སྨྲས་མོད། ༩ བུ་རྣམས་འདའ་བ་དང་། ཡུག་ས་མོར་འགྱུར་བ་དེ་གཉིས་ཁྱོད་ལ་ཞག་གཅིག་གཅིག་གི་ནང་ན་བློ་བུར་དུ་འབབ་པར་འགྱུར། ཁྱོད་རང་གི་རྫུ་འཕྲུལ་གྱི་དཔུང་དང་། ངན་སྔགས་དཔག་ཏུ་མེད་པའི་ནང་ན་མཐར་ཕྱིན་པ་ཡོད་པའི་སྟེང་དུའང་དེ་རྣམས་འབབ་པར་འགྱུར་རོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་རང་གི་གནོད་སེམས་ལ་བློ་གཏད་དེ། ཁྱོད་ཀྱིས་སུས་ཀྱང་ང་མི་མཐོང་ངོ་སྨྲས། ཁྱོད་ཀྱི་བློ་མཁས་པ་དང་ཤེས་རབ་ཀྱིས་ཁྱོད་ལོག་པར་དུ་དྲངས་ཏེ། ཁྱོད་ཀྱིས་རང་གི་སྙིང་ན། ང་རང་ཡིན། ང་མིན་གཞན་གང་ཡང་མེད་སྨྲས་པའི་རྐྱེན་གྱིས། ༡༡ ཁྱོད་ལ་སྡུག་བསྔལ་བབས་ནས། དེ་སྔགས་ཀྱི་ཟློག་ཤེས་པར་མི་འགྱུར། ཁྱོད་ཀྱིས་སེལ་མི་ཐུབ་པའི་བཀྲ་མི་ཤིས་པ་བབས་ཏེ། ཁྱོད་ལ་རྒྱུས་མེད་པར། གློ་བུར་དུ་སྟོངས་པ་དེ་ཁྱོད་ཀྱི་ཐོག་ཏུ་འབབ་པར་འགྱུར། ༡༢ ད་ཁྱོད་ཀྱིས་ན་སོ་ཕྲ་མོ་ནས་སྦྱངས་པའི་རང་གི་ངན་སྔགས་དང་། རྫུ་འཕྲུལ་ཐམས་ཅད་དང་བཅས་འགྲེང་ཞིག སུས་ཤེས། དེས་ཁྱོད་ལ་ཕན་ཐོགས་པའང་སྲིད། ཅི་ཤེས། ཁྱོད་ཀྱིས་དེ་རྣམས་ཟློག་པའང་སྲིད། ༡༣ ད་ཁྱོད་རང་གི་གྲོས་མང་དྲགས་པས་ཁྱོད་ཐང་ཆད། ད་སྐར་རྩིས་པ་དང་། རྩིས་པ་དང་། ཟླ་རེ་བཞིན་ལུང་བསྟན་མཁན་རྣམས་ལངས་ཏེ། ཁྱོད་ལ་འབབ་རྒྱུ་ཡོད་པ་འདི་དག་ལས་སྐྱོབ་ཏུ་ཆུག་ཅིག ༡༤ ཀྱེ་ཧོ། དེ་དག་ནི་སོག་མ་ལྟ་བུར་གྱུར་ཏེ་མེས་སྲེག་པར་འགྱུར། མེ་ལྕེའི་སྟོབས་ལས་དེ་དག་རང་ཡང་ཐར་བར་མི་འགྱུར། དེར་སྲོ་རུ་མེ་རྡོག་ཅིག་དང་། ལྡེ་རུ་མེ་ཡང་ལུས་པར་མི་འགྱུར། ༡༥ གང་དག་གི་དོན་དུ་ཁྱོད་ཀྱིས་དཀའ་ལས་བྱས་ཏེ། ན་གཞོན་གྱི་དུས་ནས་ཁྱོད་ཀྱིས་འཚོང་ལས་བྱས་པ་དག་གིས་ཀྱང་ཁྱོད་ལ་དེ་འདྲ་བྱེད་པར་འགྱུར། དེ་རྣམས་བྱོལ་ནས་རེ་རང་གི་ལམ་ལ་ཞུགས་ཤིང་། སུས་ཀྱང་ཁྱོད་སྐྱོབ་པར་མི་བྱའོ༎