༤༦
བཱེལ་ནི་དགུར། ནེ་བོ་ནི་འགུག དེ་དག་གི་སྐུ་འདྲ་རྣམས་ཁལ་མ་དང་དུད་འགྲོ་ལ་བཀལ་ནས་འདུག ཁྱོད་ཀྱི་ཕར་ཚུར་སྐྱེལ་བའི་དངོས་པོ་དག་ཁལ་དུ་གྱུར་ཏེ། དུབ་པའི་དུད་འགྲོར་ཁུར་ཡིན་པས། ༢ དེ་གཉིས་དགུར་ཞིང་ལྷན་ཅིག་ཏུ་འགུག དེ་དག་གིས་ཁལ་དེ་སྒྲོལ་མ་ནུས་པར། དེ་གཉིས་རང་བཙོན་དུ་ཆས་སོ༎༣ ངས་གྲོད་པའི་ནང་ནས་བསྐྱེད་དེ། མངལ་ལས་བླངས་པའི་ཀྱེ་ཡ་ཀོབ་ཀྱི་ཁྱིམ་དང་། ཨིས་ར་ཨེལ་གྱི་ཕྱི་ལུས་ཐམས་ཅད་ང་ལ་རྣ་བ་ཐུད་ཅིག ༤ ཁྱོད་རྒས་ཁར་ཡང་ང་ནི་དེ་ཀའོ། སྐྲ་དཀར་འཐོན་རིང་བར་དུ་ཡང་ངས་ཁྱོད་ཐོགས་པར་བྱ། ངས་བཀོད་པས་ངས་འཁུར་བར་བྱ། ང་ཉིད་ཀྱིས་འཁུར་ནས་སྐྱོབ་པར་བྱའོ། ༥ ཁྱོད་ཀྱིས་ང་གང་གི་དཔེ་ཟླར་བྱེད་ཅིང་། ཅིའི་དོ་ཟླར་བྱ། ཡང་ངེད་དང་མཚུངས་པར་འགྱུར་བའི་ཕྱིར་ང་གང་དང་སྡུར་བར་བྱ། ༦ དེ་དག་གིས་ཁུག་མའི་ནང་ནས་གསེར་བླུག སྲང་ནང་དངུལ་འདེགས། གསེར་མགར་ཞིག་གླ་ལ་འཇོག དེས་དེ་ལས་སྐུ་འདྲ་ཞིག་བཟོ། དེ་དག་ལུས་ས་ལ་རྡབ། འོ་ན། ཕྱག་ཀྱང་འཚལ། ༧ གཉའ་བར་འཁུར་གྲགས་འཁྱེར་ཏེ། རང་གནས་སུ་སློང་། དེ་ཙོག་གེར་སྡོད། སྡོད་ས་ནས་མི་འགུལ། འོ་ན། དེ་ལ་སུས་འབོད་རུང་། ཨ་ལན་ནི་འདེབས་མི་ཐུབ། སྡུག་བསྔལ་ལས་ཀྱང་མི་སྐྱོབ་བོ༎
༨ དེ་ཡིད་ལ་བཟུང་ཞིང་། ཁྱོད་རང་མི་ཡིན་པ་སྟོན་པར་གྱིས་ཤིག ཀྱེ་གཉའ་རེངས་ཅན་ཁྱོད། དེ་ཡང་སྐྱར་དྲན་པར་གྱིས་ཤིག ༩ གནའ་བོའི་བྱ་བ་སྔ་མ་རྣམས་དྲན་པར་བྱོས་ཤིག དཀོན་མཆོག་ནི་ང་ལགས་ཏེ། གཞན་གང་ཡང་མེད། ང་ནི་དཀོན་མཆོག་གོ། ང་དང་འདྲ་བ་གང་ཡང་མེད། ༡༠ ཐོག་མ་ནས་ལས་འབྲས་རྣམས་འཆད་ཅིང་། ད་བར་དུ་མ་བསྒྲུབ་པ་རྣམས་སྔ་མའི་དུས་ནས་ངས་སྟོན་པར་བྱེད་ཅིང་། ངའི་གསུང་གྲོས་གནས་ཤིང་། ངས་ཉིད་ཀྱི་དགོངས་པ་ཐམས་ཅད་སྒྲུབ་པར་བྱའོ། ཞེས་ངས་གསུང་ངོ་། ༡༡ ངས་ཤར་ཕྱོགས་ནས་བྱ་མི་གཟན། ཞེས་ན། ཐག་རིང་བའི་ཡུལ་ཞིག་ནས་ངའི་བསམ་སྦྱོར་སྒྲུབ་པར་བྱེད་པའི་མི་དེ་ལ་འབོད་པར་བྱེད། ངས་འདི་གསུངས་པས། ངས་འདི་སྒྲུབ་པར་ཡང་བྱ། ངས་དེ་དམིགས་པས། ངས་དེ་རྫོགས་པར་ཡང་བྱའོ༎