༤༥
ཡ་ཧོ་ཝཱ་ཉིད་ཀྱིས་བྱུགས་པའི་ཀོ་རེས་ལ་འདི་སྐད་གསུང་། མི་སྡེ་རྣམས་དེས་འདུལ་བར་ངས་དེའི་ལག་པ་གཡས་པ་ནས་འཇུས། ཡང་དེའི་མདུན་དུ་རྒྱ་སྒོ་ཉི་སྒྲིགས་རྣམས་འབྱེད་པ་དང་། རྒྱ་སྒོ་དེ་དག་མི་གཅོད་པའི་སླད་དུ་ངས་རྒྱལ་པོ་དག་གི་རྐེད་ཚིགས་དགྲོལ།  ང་ཁྱོད་ཀྱི་མདུན་མདུན་དུ་གཤེགས་ཤིང་། སྒང་ཁ་རྣམས་སྙོམས་ཏེ། རག་གན་གྱི་སྒོ་རྣམས་སིལ་བུར་བཅག་སྟེ། ལྕགས་ཀྱི་སྒོ་གཏན་རྣམས་དུམ་བུར་བཏུབ་པར་བྱའོ།  ཁྱོད་ཀྱི་མིང་བརྗོད་ནས་བོས་པ་ང་ནི་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལགས་པ་ཁྱོད་ཀྱིས་ངོ་འཕྲོད་པའི་ཆེད་དུ། ངས་མུན་པ་ན་ཡོད་པའི་གཏེར་རྣམས་དང་། གཞོགས་ཁང་ན་ཡོད་པའི་དབྱིགས་རྣམས་ཁྱོད་ལ་སྦྱིན་པར་བྱ།  ངས་ཉིད་ཀྱི་བྲན་པོ་ཡ་ཀོབ་དང་། ངས་འདམས་པའི་ཨིས་ར་ཨེལ་གྱི་དོན་དུ་ཁྱོད་ལ་མིང་གསལ་གྱིས་བོས་པ་ལགས། ཁྱོད་ཀྱིས་ང་ངོ་མ་ཤེས་ཀྱང་། ངས་ཁྱོད་ལ་གཅེས་མིང་སྟེར་བ་ཡིན།  ང་ནི་ཡ་ཧོ་ཝཱ་ལགས་པས། གཞན་ཞིག་མེད། ང་མ་གཏོགས་པར་གཞན་དཀོན་མཆོག་མེད་དེ། ཁྱོད་ཀྱིས་ངའི་ངོ་མ་ཤེས་ཀྱང་། ངས་ཁྱོད་ཀྱི་སྐ་རགས་བཅིང་བ་ཡིན།  དེའི་དོན་ནི། ང་མ་གཏོགས་པར་གཞན་གང་ཡང་མེད་པ་དང་། ང་ཡ་ཧོ་ཝཱ་ལགས་ཤིང་། གཞན་གང་ཡང་མེད་པ་ཉི་མའི་འཆར་ས་དང་ནུབ་ས་རུ་ངོ་འཕྲོད་པའི་ཕྱིར་རོ།  ང་ཉིད་ཀྱིས་འོད་བྱེད་ཅིང་། མུན་པ་འགོད་དེ། ང་ཉིད་ཀྱིས་ཞི་བདེ་འདྲེན་ཅིང་། བར་ཆད་ཀྱང་ངས་རྩོམ་པར་བྱེད། ང་ཡ་ཧོ་ཝཱས་འདི་ཐམས་ཅད་བྱེད་དོ༎
 ཀྱེ་ནམ་མཁའ་རྣམས་སྟེང་ནས་ཐིགས་པར་ཤོག གནམ་རྣམས་ཀྱིས་དྲང་བ་ཉིད་བླུག་པར་ཤོག ས་གཞི་འབྱེ་བར་ཤོག་དང་། དེ་དག་ལ་ཐར་པའི་འབྲས་བུ་ཆགས་ཤིང་། དྲང་བ་ཉིད་ཀྱང་ལྷན་ཅིག་ཏུ་སྐྱེད་པར་ཤོག དེ་ནི་ང་ཡ་ཧོ་ཝཱས་བཀོད་པ་ལགས་སོ།  རང་གི་མཛད་པ་པོ་དང་འཛིང་བ་དེ་ལ་བཀྲ་མི་ཤིས། དེ་ནི་རྫ་ཆག་གི་ཁྲོད་ན་རྫ་ཆག་གོ། རྫ་སས་རྫ་མཁན་ལ། ཁྱོད་ཀྱིས་ཅི་བྱེད། ཡང་ན། ཁྱོད་ཀྱི་བཟོ་ལས་ཀྱིས། དེ་ལ་ལག་པའང་མེད་ཅེས་ཟེར་བར་རིགས་སམ། ༡༠ རང་གི་ཕ་ལ། ཁྱེད་ཀྱིས་འདི་ཅི་སྐྱེད་པར་བྱེད། ཡང་ན་བུད་མེད་ལ་ཁྱེད་ལ་འདི་ཅི་སྐྱེ་སྨྲ་བའི་མི་ལ་བཀྲ་མི་ཤིས། ༡༡ ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དམ་པ་ཉིད་དང་། དེའི་མཛད་པ་པོས་འདི་སྐད་དུ། ཕྱིས་སུ་འབྱུང་རྒྱུའི་སྐོར་དུ་ཁྱོད་ཀྱིས་ང་ལ་ཞུས་ཤིག་དང་། ངའི་སྲས་རྣམས་དང་ངའི་ཕྱག་གི་ཕྲིན་ལས་ལ་བལྟས་ཏེ་ང་ལ་བཀའ་བཀོད་བྱོས་ཤིག ༡༢ ངས་ས་མཛད་ནས་དེའི་ངོས་སུ་མི་ནི་བཀོད་པ་ཡིན། ངས་རང་གི་ཕྱག་གིས་ནམ་མཁའ་རྣམས་བརྐྱངས་ཏེ། དེའི་དཔུང་ཚོགས་ཐམས་ཅད་ལ་ངས་བཀའ་གནང་བ་ཡིན། ༡༣ ངས་དེ་དྲང་བ་ཉིད་ཀྱི་ངང་ནས་བསྐོས་པས། དེའི་ལམ་ཐམས་ཅད་སྲོང་བར་བྱ། དེས་ངའི་གྲོང་ཁྱེར་བརྩིགས་ཏེ་རིན་དང་རྔན་པ་མ་བླང་བར་ངའི་བཙོན་པ་རྣམས་སྒྲོལ་བར་བྱ། ཞེས་དཔུང་ཆེན་གྱི་ཡ་ཧོ་ཝཱས་གསུང་ངོ་༎
༡༤ ཡ་ཧོ་ཝཱས་འདི་སྐད་གསུང་། མི་སེར་པས་འབད་པ་དང་། ཀུས་པའི་ཚོང་ཟོག་དང་། ཤེ་བཱ་པའི་མི་སྒོ་གཟུགས་བཟང་པོ་རྣམས་ཁྱོད་ཀྱི་མདུན་དུ་བསླེབ་སྟེ། ཁྱོད་ཀྱིས་བདོག་པར་བྱའོ། དེ་དག་ཁྱོད་ཀྱི་ཕྱི་བཞིན་འབྲང་ཞིང་། ལྕགས་སྒྲོག་བཅས་འཐོན་འོང་བ་དང་། ཁྱོད་ཀྱི་མདུན་དུ་ཕྱག་འཚལ་ཞིང་། གསོལ་བ་འདེབས་ཏེ། ཁྱེད་ཀྱི་ནང་ན་དཀོན་མཆོག་མཆིས་པ་ངེས་ཏེ། གཞན་གང་ཡང་མེད། གཞན་དཀོན་མཆོག་ཅིག་མེད་ཅེས་ཞུ་བར་འགྱུར། ༡༥ ཀྱེ་ཨིས་ར་ཨེལ་གྱི་དཀོན་མཆོག་དང་སྐྱབས་མགོན། བདེན་པར། ཁྱེད་ནི་སྦས་པའི་དཀོན་མཆོག་ལགས། ༡༦ དེ་དག་ཐམས་ཅད་སྐྱེང་ཞིང་ངོ་ཚ་བར་འགྱུར། ལྷ་བཟོ་བ་ཐམས་ཅད་ལྷན་ཅིག་ཏུ་ཁ་སྐྱེང་བར་འགྱུར། ༡༧ འོན་ཀྱང་ཨིས་ར་ཨེལ་ནི་མཐའ་མེད་པའི་ཐར་པའི་ཐབས་ཀྱིས་ཡ་ཧོ་ཝཱའི་སྒོ་ནས་ཐར་ཞིང་ཁྱོད་འཇིག་རྟེན་གྱི་མཐའ་མའི་བར་དུ་སྐྱེང་བར་ཡང་མི་འགྱུར། ངོ་ཡང་ཚ་བར་མི་འགྱུར་རོ། ༡༨ དེ་ཅིའི་ཕྱིར་ཞེ་ན། ནམ་མཁའ་རྣམས་བཀོད་པའི་ཡ་ཧོ་ཝཱས་འདི་སྐད་གསུང་། ས་གཞི་བཀོད་ནས་མཛད་མཁན་ཁོང་ནི་དཀོན་མཆོག་སྟེ། ཁོང་གིས་དེ་བརྟན་པོར་མཛད། དོན་མེད་དུ་བཀོད་པ་མ་ལགས། མི་རྣམས་དེར་སྡོད་པའི་དོན་དུ་བཀོད་དོ། ང་ནི་ཡ་ཧོ་ཝཱ་ལགས་པས། ང་མིན་པ་གཞན་གང་ཡང་མེད་དོ། ༡༩ བདག་གིས་གསང་བར་ས་གཞིའི་མུན་ཁང་ཞིག་གི་ནང་ན་ཡང་མ་གླེང་། ཁྱོད་ཀྱིས་ང་དོན་མེད་དུ་ཚོལ་ཞིག ཅེས་ཡ་ཀོབ་ཀྱི་བུ་བརྒྱུད་ལའང་མ་སྨྲས་ཏེ། ང་ཡ་ཧོ་ཝཱས་བདེན་པ་ཉིད་གླེང་ཞིང་། རིགས་པ་རྣམས་འཆད་པར་བྱེད་དོ༎
༢༠ མི་བརྒྱུད་ཀུན་གྱི་ནང་ནས་ཐར་བར་འགྱུར་པ་ཁྱོད་རྣམས་ཕྱོགས་གཅིག་ཏུ་འདུ་སྟེ། ཉེ་བར་ཤོག་ཅིག རང་གི་རྐོས་སྐུའི་ཤིང་འཁུར་བ་དང་། སྐྱོབ་མི་ནུས་པའི་ལྷ་ལ་སྨོན་ལམ་འདེབས་པ་རྣམས་ཀྱི་ནང་ན་འདུ་ཤེས་གང་ཡང་མེད་དོ། ༢༡ ཁྱོད་ཀྱིས་སྒྲོག་ཅིང་དེ་དག་ཉེ་བར་ཁྱེར་ཤོག འོ་ན། དེ་དག་ལྷན་ཅིག་ཏུ་གྲོས་སྡུར་ཞིག སྔོན་འདས་པའི་དུས་སུ་འདི་སུས་བཤད་པ་ཡིན། སྔར་གྱི་དུས་སུ་འདི་སུས་སྒྲོག་པར་བྱས། ང་མིན་དཀོན་མཆོག་གང་ཡང་མེད་པ་དང་། བཀའ་ལས་མི་འགལ་བ་དང་། སྐྱབས་མཛད་པའི་དཀོན་མཆོག་ང་མ་གཏོགས་པར་གཞན་གང་ཡང་མེད་པ་ནི། ཡ་ཧོ་ཝཱ་ངས་མངོན་དུ་མ་ཕྱུང་ངམ། ༢༢ ང་ནི་དཀོན་མཆོག་གོ། ང་མིན་པར་གཞན་གང་ཞིག་ཀྱང་མེད་པས་ན། ཀྱེ་ས་མཐའ་ཐམས་ཅད། ང་ལ་ལྟ་ཞིང་ཐར་པ་ཐོབ་པར་ཤོག ༢༣ པུས་མོ་ཐམས་ཅད་ང་ལ་འདུད་ཅིང་། ལྕེ་ཐམས་ཅད་ཀྱིས་ངའི་མནའ་འཁུར་བར་འགྱུར་ཞེས། ངས་རང་གི་དབུ་མནའ་བཞེས་ཏེ། ངའི་ཞལ་ནས་དྲང་བ་ཉིད་ཀྱི་བཀའ་མཆིད་ཐོན་ཟིན་པས། ཕྱིར་ཟློག་པར་མི་འགྱུར་རོ། ༢༤ ཡ་ཧོ་ཝཱ་ཉིད་ཀྱི་ནང་ན་ངའི་དོན་དུ་དྲང་བ་ཉིད་དང་། མཐུ་སྟོབས་ཡོད་ངེས་སོ་ཞེས་ཞུ་ཞིང་། ཁོང་གི་དྲུང་དུ་མི་རྣམས་ཕྱིན་པར་འགྱུར་གྱི། ཁོང་ལ་མི་དགའ་མཁན་ཐམས་ཅད་སྐྱེང་བར་འགྱུར། ༢༥ ཨིས་ར་ཨེལ་གྱི་བུ་བརྒྱུད་ཐམས་ཅད་ཡ་ཧོ་ཝཱའི་ངང་ན་རྣམ་དག་རྩི་ཞིང་དཔལ་དང་ལྡན་པར་འགྱུར་རོ༎