༤༤
དེ་ནས་ཀྱང་ཀྱེ་ངའི་བྲན་པོ་ཡ་ཀོབ། ངས་འདམས་པའི་ཨིས་ར་ཨེལ་ཚུར་ཉོན་ཅིག  ཁྱོད་བསྐྱེད་པར་མཛད་ཅིང་། ཁྱོད་མངལ་གྱི་ནང་ནས་བཀོད་དེ། ཁྱོད་སྐྱོབ་པའི་ཡ་ཧོ་ཝཱས་འདི་སྐད་གསུང་། ཀྱེ་ཡ་ཀོབ་ངའི་བྲན་པོ་དང་། ཡེ་ཤུ་རུན་ངས་འདམས་པ་མ་འཇིགས་ཤིག  དེ་ཅིའི་ཕྱིར་ཞེ་ན། ངས་སྐོམ་གྲིས་གདུངས་པའི་ཐོག་ཏུ་ཆུ་བླུག་ཅིང་། ས་ཆ་སྐམ་པོར་ཆུ་བོ་དག་འབྲུབ་གཞུག ཁྱོད་ཀྱི་བརྒྱུད་ཀྱི་སྟེང་དུ་ངའི་ཐུགས་ཉིད་དང་། ཁྱོད་ཀྱི་བུ་བརྒྱུད་ཀྱི་སྟེང་དུ་ངའི་བྱིན་རླབས་འབེབས་པར་བྱ་བ་དང་།  དེ་དག་ཆུའི་གྲོག་པོའི་འགྲམ་ན་ཡོད་པའི་ལྕང་མ་དང་འདྲ་བར་རྩྭ་ཁྲོད་དུ་སྐྱེ་བར་འགྱུར།  གཅིག་གིས་ང་ནི་ཡ་ཧོ་ཝཱའི་ཡིན་ཞེས་ཟེར་འོང་། གཞན་ཞིག་གིས་རང་ལ་ཡ་ཀོབ་ཀྱི་མིང་གདགས། ཡང་གཞན་ཞིག་གིས་རང་གི་ལག་པར། ང་ཡ་ཧོ་ཝཱའི་ཡིན་ཞེས་བྲིས་ཏེ། ཨིས་ར་ཨེལ་གྱི་མིང་གིས་མཚོན་པར་འགྱུར་རོ༎
 ཨིས་ར་ཨེལ་གྱི་རྒྱལ་པོ་ལགས་པའི་ཡ་ཧོ་ཝཱ་དང་། དེའི་སྒྲོལ་མཛད་དཔུང་ཆེན་གྱི་ཡ་ཧོ་ཝཱས་འདི་སྐད་གསུང་། ང་ནི་ཐོག་མ་དང་མཐའ་མའང་ལགས་པས། ང་མ་གཏོགས་པར་གཞན་དཀོན་མཆོག་གང་ཡང་མེད་དོ།  ཡང་ངས་སྔ་མའི་མི་རྣམས་བསྐོས་པ་ཚུན་ཆད་དུ། འབོད་ཅིང་། ཆ་བཤད་པའམ། དེའི་གྲལ་ངའི་ཕྱིར་བྱེད་པ་ང་མིན་སུ་ཡོད། ཡང་འབྱུང་བ་དང་འོང་རྒྱུ་ཡོད་པ་རྣམས་དེ་དག་ལ་འཆད་དུ་ཆུག་ཅིག  འཇིགས་ཤིང་དངང་སྐྲག་པར་མ་གྱུར་ཅིག གཏམ་དེ་ངས་སྔར་ནས་ཁྱོད་ལ་མ་བཤད་དམ། མ་བསྟན་ནམ། དེའང་ཁྱོད་ཅག་ངའི་དཔང་པོ་ཡིན། ང་མ་གཏོགས་པར་དཀོན་མཆོག་གཞན་ཞིག་ཡོད་དམ། འོ་ན། བྲག་གཞན་གང་ཡང་མེད། གཞན་ཞིག་ངས་ཤེས་ཀྱང་མི་ཤེས་སོ།  བཙོག་པའི་འདྲ་སྐུའི་བཟོ་བོ་ཐམས་ཅད་ཡ་མ་བརླ་པོ་སྟེ། དེ་དག་གི་སྙིང་གིས་སྡུག་པར་འཛིན་པ་རྣམས་ཀྱིས་ཕན་མི་ཐོགས། རང་གི་དཔང་པོ་དེ་དག་རང་ཡིན། ངོ་ཚ་བའི་ཆེད་དེ་དག་གིས་མི་མཐོང་མི་ཤེས་སོ། ༡༠ དཀོན་མཆོག་ཅིག་སུས་བཅོས་པ་ཡིན། ཡང་ན། ཕན་ཅིའང་མེད་པའི་སྐུ་འདྲ་བླུགས་སུ་སུས་བཏང་བ་ཡིན། ༡༡ ལྟོས་ཤིག དེའི་གྲོགས་པོ་ཀུན་གྱི་ཁ་སྐྱེངས་པར་འགྱུར། བཟོ་བོ་དེ་དག་ཀྱང་མིའོ། དེ་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་ཏེ་ལངས་ནས་སྡོད་དུ་ཆུག་ཅིག་དང་། དེ་དག་འཇིགས་ཤིང་ལྷན་ཅིག་ཏུ་ངོ་ཚ་བར་འགྱུར་རོ། ༡༢ མགར་བས་སྟ་རེ་ཞིག་བཟོ། སོལ་མེའི་ནང་དུ་ལས་བྱེད། ཐོ་བ་རྣམས་ཀྱིས་བཟོ་འདོན། ཕྲག་ངར་སྟོབས་ཀྱིས་ལྕགས་བཟོ་བྱེད། འོ་ན། ཁོ་ལྟོགས་པར་གྱུར་ཏེ་སྟོབས་ཤོར། ཆུ་མི་འཐུང་བར་ཉམས་པའོ། ༡༣ ཤིང་མཁན་གྱིས་ཐིག་སྐུད་རྐྱོང་། རྟགས་རྒྱབ། གཟོང་བུ་རྣམས་ཀྱིས་བཟོ་འདོན། སྐོར་ཐིག་གིས་རི་མོ་རྒྱབ་པར་བྱེད། ཁྱིམ་དུ་འཇོག་ཕྱིར་མི་བྱད་གཟུགས་མཛེས་པ་ལྟ་བུའི་མིའི་གཟུགས་བརྙན་བྱེད། ༡༤ ཁོས་རང་གི་དོན་དུ་འགྱམ་ཤིང་རྣམས་བཅད་དེ། ཤུག་ཤིང་དང་བེ་ཤིང་རེ་ནགས་ཚལ་གྱི་ནང་ནས་སྲད་ཆགས་འཇུག་ཏུ་འདམ། འོ་རེན་ཤིང་ཡང་འཛུག ཆར་ཆུས་དེ་གསོ་བར་བྱེད། ༡༥ དེ་ནི་མི་ལ་མེར་འདེབས་སུ་ཕན་ཏེ། ཁོས་དེ་ལས་བླངས་ཏེ། ཁོ་རང་སྲོ་བར་བྱེད། འོ་ན། དེས་མེ་སྦར་ཏེ་བག་ལེབ་བཟོ། འོ་ན། ཁོས་དེ་ལས་ལྷ་སྐུ་ཡང་བཅོས་ཏེ། དེ་ལ་ཕྱག་ཀྱང་འཚལ། དེ་ལས་བརྐོས་སྐུ་ཞིག་བཅོས་ཏེ། དེའི་མདུན་དུ་ལུས་ཀྱང་རྡབ། ༡༦ དེའི་དུམ་བུ་ཞིག་མེ་ལ་འདེབས། ཡང་དུམ་བུ་ཞིག་གི་ཁར་ཤ་ཟ། ཤ་བརྔོས་ཏེ་འགྲང་བ་དང་མེ་ལྡེ་ཞིང་། ཧ་ཧ། ང་དྲོས། ངས་མེ་མཐོང་བར་གྱུར་ཏོ་ཟེར། ༡༧ དེའི་ལྷག་མ་ལས་རང་ལ་བརྐོས་སྐུའི་དཀོན་མཆོག་ཅིག་ཀྱང་བྱེད་དེ། ལུས་ས་ལ་རྡབ་ཅིང་དེ་ལ་ཕྱག་འཚལ་བར་བྱེད། སྨོན་ལམ་ཡང་འདེབས་ཤིང་། ཁྱེད་ངའི་དཀོན་མཆོག་ལགས་པས། ང་སྐྱོབ་པར་མཛོད་ཅིག་ཅེས་ཞུའོ༎
༡༨ དེ་དག་གིས་ཡེ་ཤེས་མི་རྟོགས། གང་ལ་ཞེ་ན། དེ་དག་གིས་མིག་བསྒྲིབས་པས། མིག་གིས་མི་མཐོང་། སྙིང་གིས་ཀྱང་མི་རྟོགས་སོ། སུས་ཀྱང་རང་གི་སྙིང་ན་བསམ་བློ་མི་གཏོང་། ངས་འདིའི་དུམ་བུ་ཞིག་མེ་ལ་བཏབ་སྟེ། ༡༩ དེའི་སོལ་མེར་བག་ལེབ་བསྲེགས། ཤ་བརྔོས་ནས་ཟོས་པ་ཡིན། ད་དེའི་ལྷག་མ་ལས་ཅིའི་ཕྱིར་དུ་སྐྱུག་བྲོ་བ་ཞིག་བཟོ་བར་བྱ། ངས་ཤིང་དུམ་ལ་ཕྱག་འཚལ་ལམ། འདི་ཙམ་ཡང་སྨྲ་བའི་བློ་གྲོས་དང་འདུ་ཤེས་མེད་དོ། ༢༠ ཁོས་གོག་ཐལ་འགམ། གཡོ་སྒྱུའི་སྙིང་གིས་འཁྱར་དུ་བཅུག་པས། རང་གི་སྲོག་དོན་ཡང་བྱེད་མི་ནུས། ངའི་ལག་གཡས་ནང་རྫུན་མེད་དམ་ཡང་མི་ཟེར་རོ༎
༢༡ ཀྱེ་ཡ་ཀོབ་དང་ཨིས་ར་ཨེལ། འདི་དག་ཡིད་ལ་འཇོག་ཅིག ཁྱོད་ངའི་བྲན་པོ་ལགས། ངས་ཁྱོད་བཀོད་དེ། ཁྱོད་ངའི་བྲན་པོ་ལགས། ཀྱེ་ཨིས་ར་ཨེལ། ང་མ་རྗེད། ༢༢ ངས་ཁྱོད་ཀྱི་འགལ་སྐྱོན་རྣམས་སྤྲིན་འཐུག་པོ་ལྟར་དང་། ཁྱོད་ཀྱི་ཉེས་སྡིག་རྣམས་སྤྲིན་ལྟར་བསལ་ཏེ། ངས་ཁྱོད་བླུས་པས། ངའི་ཕྱོགས་སུ་ལོག་ཤོག ༢༣ ཡ་ཧོ་ཝཱས་དེ་བཞིན་བསྒྲུབ་པར་མཛད་པས། ཀྱེ་ནམ་མཁའ་རྣམས་གསུང་གླུ་ལེན་ཞིག ཀྱེ་ས་གཞིའི་གཏིང་རྣམས་ཀུ་ཐེག་ཅིག ཀྱེ་རི་བོ་རྣམས་དང་། ནགས་ཚལ་དང་དེའི་ནང་ན་ཡོད་པའི་ལྗོན་ཤིང་ཀུན་གླུ་དབྱངས་ཐེན་ཞིག གང་ལ་ཞེ་ན། ཡ་ཧོ་ཝཱས་ཡ་ཀོབ་བསྒྲལ་ནས། ཨིས་ར་ཨེལ་གྱི་ནང་ན་ཁོང་ཉིད་དཔལ་དང་ལྡན་པར་མཛད་དོ༎
༢༤ ཁྱོད་མངལ་གྱི་ནང་ནས་བཀོད་པའི་ཁྱོད་ཀྱི་སྒྲོལ་མཛད་ཡ་ཧོ་ཝཱས་འདི་སྐད་གསུང་། ང་ནི་ཡོད་དོ་ཅོག་མཛད་པའི་ཡ་ཧོ་ཝཱ་སྟེ། ང་གཅིག་པོས་ནམ་མཁའ་རྣམས་བརྐྱངས་ནས། ང་གཅིག་པོས་ས་བཏིང་བ་ཡིན། ༢༥ རྫུན་ཁྲམ་ཅན་དག་གི་རྟགས་ནི་དོན་མེད་པར་མཛད། མོ་པ་དག་སྨྱོན་པར་མཛད། མི་མཁས་པ་རྣམས་ཕྱིར་ཟློག་ཅིང་། དེ་དག་གི་ཤེས་རབ་ནི་རྨོངས་པར་མཛད། ༢༦ ཉིད་ཀྱི་ཞབས་ཕྱིའི་ཚིག་བརྟན་པོར་མཛད་དེ། ཉིད་ཀྱི་སྐུ་ཚབ་དག་གི་གྲོས་དེ་སྒྲུབ་པར་མཛད། ཡེ་རུ་ཤ་ལེམ་ལ། ཁྱོད་འཚུགས་པར་འགྱུར། ཡ་ཧུ་དཱའི་གྲོང་ཁྱེར་དག་ལ། ཁྱོད་རྩིག་པར་འགྱུར། ངས་ཁང་གོག་རྣམས་ཀྱི་མཁར་ལས་བྱའོ། ༢༧ རྒྱ་མཚོ་ལ། སྐེམ་པར་གྱུར་ཅིག ངས་ཁྱོད་ཀྱི་གཙང་པོ་དག་སྐམ་པོར་བྱའོ། ༢༨ ཀོ་རེས་ལ། ཁོ་ངའི་རྫི་བོ་སྟེ། དེས་ངའི་དགོངས་པ་ཐམས་ཅད་སྒྲུབ་པར་འགྱུར། ཞེས་གསུང་། ཡང་ཡེ་རུ་ཤ་ལེམ་ལ། ཁྱོད་རྩིག་པར་འགྱུར། མཆོད་ཁང་ལ། ཁྱོད་ཀྱི་རྩིག་རྨང་འདིང་བར་འགྱུར་རོ་ཞེས་གསུང་ངོ་༎