༤༣
འོན་ཀྱང་ད་ལྟ་ནི། ཁྱོད་ཡ་ཀོབ་བཀོད་པ་དང་། ཨིས་ར་ཨེལ་ཁྱོད་མཛད་པའི་ཡ་ཧོ་ཝཱས་འདི་སྐད་དུ། མ་འཇིགས་ཤིག ངས་ཁྱོད་བླུས་ཏེ། མིང་གསལ་གྱིས་བོས་པས། ཁྱོད་ངའི་ཡིན། ༢ ཁྱོད་ཆུ་རྣམས་ཀྱི་དཀྱིལ་ནས་འགྲོ་དུས་སུ། ང་ཁྱོད་དང་འགྲོགས་པར་བྱ་བས། ཁྱོད་ཆུ་བོ་རྣམས་ཀྱི་དཀྱིལ་དུ་འདོང་དུས་སུ་ནུབ་པར་མི་འགྱུར། ཡང་ཁྱོད་མེའི་དཀྱིལ་ནས་འགྲུལ་དུས་སུ་འཚིག་པར་མི་འགྱུར་ཏེ། མེ་ལྕེས་ཀྱང་ཁྱོད་སྲེག་པར་མི་འགྱུར་རོ། ༣ དེ་ཅིའི་ཕྱིར་ཞེ་ན། ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་དང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཁྱོད་ཀྱི་སྐྱབས་མགོན་ལགས་པས། ངས་ཁྱོད་ཀྱི་བླུ་རིན་དུ་མི་སེར་དང་། ཁྱོད་ཀྱི་དོན་དུ་ཀུས་དང་སེ་བཱ་སྤྲད་པ་ཡིན། ༤ ཁྱོད་ངའི་གཟིགས་ངོར་རིན་ཆེ་ཞིང་། ཞེ་ས་དང་ལྡན་ཏེ། ངས་ཁྱོད་ལ་བྱམས་པས་ན། ཁྱོད་ཚབ་ཏུ་མི་དང་། ཁྱོད་ཀྱི་སྲོག་ཚབ་ཏུ་མི་ཚོགས་རྣམས་ངས་སྦྱིན་ནོ། ༥ ང་ཁྱོད་དང་འགྲོགས་པས། མ་འཇིགས་ཤིག ཤར་ནས་ཁྱོད་ཀྱི་རིགས་བརྒྱུད་འདྲེན་ཞིང་། ནུབ་ནས་ངས་ཁྱོད་སྡུད་པར་བྱའོ། ༦ ངས་བྱང་ལ། ཕྱིར་ལོག་ཐོང་ཞིག་དང་། ལྷོ་ལ། ད་མ་འཇོག་ཅིག རྒྱང་རིང་ནས་ངའི་བུ་རྣམས་དང་། ས་གཞིའི་མཐའ་མ་ནས་ངའི་བུ་མོ་དག་ཚུར་ཁྱེར་ཤོག ཅེས་སྒོ་བར་བྱ། ༧ བདག་གི་མཚན་འཁུར་བ་ཐམས་ཅད་ནི། རང་གི་དཔལ་གྱི་དོན་དུ་བཀོད་ནས། དེ་དག་ངས་མཛད་པ་ཡིན། འོ་ན། ངས་དེ་བཅོས་པ་ལགས་སོ༎༨ མིག་དང་ལྡན་པའི་མི་ལོང་བ་དག་དང་། རྣ་བ་དང་ལྡན་པའི་འོན་པ་དག་འདིར་ཁྲིད་ཤོག ༩ མི་བརྒྱུད་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་ལྷགས་ཏེ། མི་ཚོགས་རྣམས་འཚོགས་པར་དགོས། དེ་དག་གི་གསེབ་ན་འདི་འཆད་ཅིང་། ང་ཅག་ལ་སྔར་གྱི་བྱ་བ་དག་སུས་སྟོན་པར་ནུས། དེ་དག་ལ་སྐྱོན་མེད་འཐོན་ཕྱིར་རང་གི་དཔང་པོ་རྣམས་ཕྱུང་ཞིག་དང་། ཐོས་ནས་དེ་བདེན་ནོ་སྨྲ་བར་བྱོས། ༡༠ ཁྱོད་རྣམས་དང་ངས་འདམས་པའི་ངའི་ཞབས་ཕྱི་ནི་ངའི་དཔང་པོ་ལགས་སོ། ཡ་ཧོ་ཝཱས་གསུང་། འདི་ནི་ཁྱོད་ཀྱིས་ངའི་ངོ་ཤེས་ཤིང་། ང་ལ་ཡིད་ཆེས་པ་དང་། ང་ནི་དེ་ཉིད་ལགས་པ་ཧ་གོ་བའི་ཕྱིར་རོ། ངའི་སྔོན་དུ་དཀོན་མཆོག་གང་ཡང་མ་བསྒྲུབ་སྟེ། ངའི་འོག་ཏུའང་གང་ཡང་འབྱུང་བར་མི་འགྱུར་རོ། ༡༡ ང་ནི་ང་ཉིད་ཡ་ཧོ་ཝཱ་ལགས། ང་མ་གཏོགས་པར་སྒྲོལ་མཛད་གཞན་གང་ཡང་མེད། ༡༢ ཁྱོད་ཀྱི་ནང་ན་ལྷ་གཞན་མེད་པར། ངས་ལུང་བསྟན་ཏེ་བསྐྱབས་ནས། ངས་མངོན་པར་བྱས། དེའི་ཕྱིར་ང་ཉིད་དཀོན་མཆོག་ལགས་པའི་དཔང་པོ་ཁྱོད་ཅག་ཡིན་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༡༣ འོ་ན། དུས་ཀྱི་སྔོན་ལའང་ང་ནི་དེ་ལགས་པས། ངའི་ཕྱག་ནས་སྒྲོལ་ནུས་པ་སུ་ཡང་མེད། ངས་ཕྲིན་ལས་བྱ། སུས་དེ་ཟློག་པར་འགྱུར།
༡༤ ཡ་ཧོ་ཝཱ་ཁྱོད་ཀྱི་སྒྲོལ་མཛད་ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་འདི་སྐད་གསུང་། ཁྱོད་ཅག་གི་དོན་དུ་ངས་བཱ་བེལ་དུ་ཕོ་ཉ་བཏང་སྟེ། དེ་དག་གམ་ཀལ་དཱི་པ་ཐམས་ཅད་འབྲོས་མི་ལྟར། རང་གི་སེམས་བསོད་པའི་གཟིངས་རྣམས་ནང་ངས་མར་འབེབས་པར་བྱ། ༡༥ ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དམ་པ་ཉིད། ཨིས་ར་ཨེལ་མཛད་པ་པོ། ཁྱོད་ཀྱི་རྒྱལ་པོ་ལགས་སོ༎
༡༦ རྒྱ་མཚོའི་ནང་ན་རྒྱ་ལམ་དང་། ཆུ་ཆེན་པོ་རྣམས་ཀྱི་ནང་ན་ལམ་མཛད་མཁན་དང་། ༡༧ ཤིང་རྟ་དང་། རྟ་དང་། དམག་དཔུང་དང་། སྟོབས་ལྡན་དག་ཕྱིར་འདོན་པའི་ཡ་ཧོ་ཝཱས་འདི་སྐད་གསུང་། དེ་དག་ཕྱོགས་གཅིག་ཏུ་ཉལ་ཞིང་ལང་བར་མི་འགྱུར། དེ་དག་འདས། སྡོང་རས་ལྟར་དུ་ཤིའོ། ༡༨ ཁྱོད་ཀྱིས་སྔར་གྱི་བྱ་བ་རྣམས་ཀྱང་མ་དྲན་ཞིག རྙིང་པའི་བྱ་བ་དག་ལའང་བསམ་མནོ་མ་ཐོང་ཞིག ༡༩ ཀྱེ་ཧོ། ངས་བྱ་བ་གསར་པ་ཞིག་རྩོམ་པར་བྱ། ད་ལྟ་ནི་དེ་སྐྲུན་པར་འགྱུར། ཁྱོད་ཅག་གིས་དེ་ངོ་ཤེས་པར་མི་འགྱུར་རམ། འོ་ན། ངས་འབྲོག་སྟོང་ནའང་ལམ་དང་། ཐང་སྟོང་ནའང་ཆུ་བོ་རྣམས་གདོན། ༢༠ ཐང་གི་སྲོག་ཆགས་ཁྱི་སྤྱང་དང་བྱ་རྔ་མོང་གིས་ང་ལ་ཞེ་ས་བྱེད་འོང་། ཅི་ལ་ཟེར་ན། ངའི་འབངས་དང་ངས་འདམས་པ་དག་གིས་འཐུང་བ་ལ་འབྲོག་སྟོང་ནང་ཆུ་རྣམས་དང་། ཐང་སྟོང་གི་ནང་ན་ཆུ་ཀླུང་རྣམས་ངས་འདྲེན་པར་བྱའོ། ༢༡ མི་ཚོགས་འདི་ངས་ཉིད་ཀྱི་དོན་དུ་བཀོད་པས། ང་ལ་མངོན་པར་བསྟོད་པར་འགྱུར།
༢༢ འོན་ཀྱང་ཀྱེ་ཡ་ཀོབ། ཁྱོད་ཀྱིས་ང་ལ་མ་བོས་སོ། ཀྱེ་ཨིས་ར་ཨེལ། ཁྱོད་ང་ལ་བསུན་ནས། ༢༣ ཁྱོད་རང་གི་སྦྱིན་སྲེག་གི་མཆོད་པར་ལུ་གུ་རྣམས་ངའི་ཞལ་ངོར་ཡང་མ་དྲངས། རང་གི་དམར་མཆོད་ཀྱི་ངང་ནས་ཀྱང་ང་ལ་མ་བཀུར་ཏོ། ཁྱོད་ཅག་གིས་མཆོད་པ་འབུལ་བའི་ཕྱིར་དུ་ངས་ཁྱོད་ཚོ་ལ་འཚེགས་མ་བཏང་། བདུག་སྤོས་ཀྱི་དོན་དུ་ཡང་ཁྱོད་བསུན་དུ་མ་བཅུག ༢༤ ངའི་ཕྱིར་དངུལ་གྱིས་དྲི་བསུང་གི་སྤོས་ཆག་ཀྱང་ཁྱོད་ཀྱིས་མ་ཉོས། ང་མཆོད་པའི་ཚིལ་གྱིས་ཚིམ་པར་ཡང་མ་བྱས་ཀྱིས། ཁྱོད་རང་གི་ཉེས་སྡིག་གིས་ང་འོ་བརྒྱལ་དུ་བཅུག་སྟེ། ཁྱོད་རང་གི་མི་ཚངས་པ་རྣམས་ཀྱིས་ང་དུབ་པར་བྱས། ༢༥ རང་ཉིད་ཀྱི་ངོར་ཁྱོད་ཀྱི་སྡིག་སྒྲིབ་སེལ་མཁན་དེ་ནི་ང་ཉིད་ལགས་སོ། ཁྱོད་ཀྱི་ཉེས་པ་རྣམས་དྲན་པར་ཡང་མི་བྱ། ༢༦ དྲན་སྐུལ་གྱིས་ཤིག་དང་། ང་ཚོ་ལྷན་ཅིག་ཏུ་འཁྲབ་གླེང་བྱ། ཁྱོད་རྣམ་དག་འཐོན་དུ་རིམ་གྱིས་ཤོད་ཅིག ༢༧ ཁྱོད་ཀྱི་ཕ་དང་པོས་ཉེས་སྡིག་བྱས། ཁྱོད་ཀྱི་ལོ་ཙ་བ་རྣམས་ངའི་བཀའ་དང་འགལ། ༢༨ དེའི་ཕྱིར་ངས་དམ་པའི་གནས་ཀྱི་ཇོ་བོ་དག་གྲིབ་ཅན་དུ་བརྩིས་ཏེ། ཡ་ཀོབ་གླུད་དང་། ཨིས་ར་ཨེལ་ནི་སྨད་སྒྲར་བྱས་པ་ཡིན་ནོ༎