༤༢
ངས་ཁ་འཛིན་བྱེད་པའི་ངའི་ཞབས་ཕྱི་དང་། ངའི་སེམས་མགུ་བའི་ངས་འདམས་པ་ལ་ལྟོས་དང་། ངས་དེའི་ཐོག་ཏུ་ཉིད་ཀྱི་ཐུགས་ཉིད་བཞག་པས། དེས་ཕྱི་པ་དག་ནང་བཀའ་ཁྲིམས་གཏན་ལ་དབབ།  དེས་ཀུ་སྒྲ་ཡང་མི་གདོན། ཅ་ཅོ་ཡང་མི་བྱ། ལམ་སྲང་ན་དེའི་སྒྲ་ཡང་མི་ཐོས།  སྣད་པའི་འདམ་བུའང་དེས་མི་གཅག སྡོང་རས་འོད་ཀྱེམ་པའང་མི་གསད། དྲང་བ་ཉིད་བཞིན་དུ་བཀའ་ཁྲིམས་གཏན་ལ་འབེབས་པར་འགྱུར།  ས་ལ་བཀའ་ཁྲིམས་བཙུག་ནས། གླིང་ཕྲན་དག་དེའི་བཀའ་ཁྲིམས་ལ་རེ་བའི་བར་དུ་ཁོ་ཉམས་ཤིང་ཆག་པར་མི་འགྱུར་རོ༎
 ནམ་མཁའ་རྣམས་བཀོད་དེ་ཐར་བརྐྱངས་མཁན། ས་དང་ས་ལས་འབྱུང་བ་རྣམས་འགྲེམ་ཞིང་། དེའི་ཁར་ཡོད་པའི་མི་རྣམས་ལ་དབུགས་གནང་མཁན། དེའི་ངོས་སུ་འགྲུལ་མཁན་དག་ལ་སེམས་ཉིད་གནང་བའི་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ།  ང་ཡ་ཧོ་ཝཱས་ཁྱོད་བདེན་པ་ཉིད་ཀྱི་ངང་ནས་བོས་པས། ཁྱོད་ཀྱི་ལག་པ་ནས་འཇུས་ཏེ་སྲུང་ནས། མི་རྣམས་ལ་ཞལ་ཆད་དང་། ཕྱི་པའི་འོད་དུ་འགྱུར་བ་དང་།  ལོང་བའི་མིག་འབྱེད་པ་དང་། བཙོན་ཁང་ནས་བཙོན་པ་འདོན་པ་དང་། སྨག་རུམ་ན་སྡོད་མཁན་རྣམས་བཙོན་ཁང་ལས་སྒྲོལ་བའི་དོན་དུ་ཁྱོད་སྦྱིན་ནོ།  ང་ནི་ཡ་ཧོ་ཝཱ་སྟེ། འདི་ངའི་མཚན་ཡིན་པས། གཞན་སུ་ལ་ངའི་དཔལ་འབྱོར་རམ། བརྐོས་པའི་སྐུ་ལ་ངའི་བསྟོད་སྒྲ་སྟེར་བར་མི་བྱའོ།  ལྟོས་དང་། སྔར་གྱི་ལུང་བསྟན་དག་སྒྲུབ་པས། ད་ངས་བྱ་བ་གསར་བ་རྣམས་ཁྱོད་ལ་སྟོན་ཞིང་། མ་འབྱུང་གོང་དུ་ངས་དེ་དག་ཁྱོད་ལ་འཆད་པར་བྱེད་དོ༎
༡༠ ཡ་ཧོ་ཝཱར་གསུང་མགུར་གསར་པ་ཞིག་ཕུལ་ཞིག ཁྱོད་རྒྱ་མཚོར་འགྲོ་མཁན་རྣམས་དང་། དེའི་ནང་ན་ཡོད་པ་ཐམས་ཅད་དང་། གླིང་ཕྲན་རྣམས་དང་དེར་གནས་པ་ཀུན་གྱིས། སའི་མཐའ་མའི་བར་དུ་སྟོད་དབྱངས་གྱིས་ཤིག ༡༡ འབྲོག་སྟོང་དང་དེའི་གྲོང་ཁྱེར་རྣམས་དང་། ཀེ་དར་གྱི་ཡུལ་གྲུ་རྣམས་ཀྱིས་ཀུ་ཐེགས་ཤིག སེ་ལཱ་༼བོད་སྐད་དུ་བྲག་༽ན་གནས་པ་དག་གིས་གླུ་ལེན་ཞིང་། རི་རྩེ་རྣམས་ལས་འུར་སྒྲ་ཐོང་ཞིག ༡༢ དེ་དག་གིས་ཡ་ཧོ་ཝཱའི་དཔལ་བརྗོད་ཅིང་། གླིང་ཕྲན་རྣམས་ན་ཁོང་གི་གཟེངས་སྟོད་ཅིག ༡༣ ཡ་ཧོ་ཝཱ་དཔའ་བོ་ལྟར་བཞེངས་ཏེ། དམག་གི་སྐྱེ་བོ་ལྟར་ཉིད་ཀྱི་ཐུགས་འཁྲེན་གྱིས་འཁྲུགས་ཤིང་འབོད་སྒྲོག་པར་འགྱུར། འོ་ན། ཁོང་གིས་ངར་སྐད་བཏོན་ཏེ་ཉིད་ཀྱི་དགྲ་བོ་རྣམས་འཕམ་པར་བྱའོ། ༡༤ ཡུན་རིང་ཁ་རོག་སྟེ། ཅུབ་ཅད་དེ་སྲན་པ་ཡིན་གྱི། ད་བུད་མེད་སྐྱེ་གཟེར་ཐེབས་འདྲར་ངས་འབོད་ཅིང་། ང་ཧིགས་ཤིང་སྙིང་ཤུགས་འདོན་པར་བྱའོ། ༡༥ ངས་རི་དང་རི་ཕྲན་རྣམས་སྟོང་པ་བྱས་ཏེ། དེའི་སྔོ་ཐམས་ཅད་སྐེམ་དུ་བཅུག་ནས། ཆུ་བོ་དག་གླིང་ཕྲན་དུ་བྱས་ཏེ། རྫིང་རྣམས་སྐེམ་པར་བྱའོ། ༡༦ ཡང་ངས་ལོང་བ་ཚོར་རྒྱུས་མེད་པའི་ལམ་ལས་དེ་དག་འཁྱེར་བ་དང་། དེ་དག་ལ་ཆ་མེད་པའི་ལམ་རྣམས་ནང་འཁྲིད་ཅིང་། དེ་དག་གི་མདུན་དུ་མུན་པ་འོད་དང་། ཀྱོག་ཀྱོག་རྣམས་སྲོང་བར་བྱ། ངས་དེ་དག་ལ་དེ་འདྲ་བྱེད་ཅིང་འདོར་བར་མི་བྱའོ། ༡༧ བརྐོས་པའི་སྐུ་འདྲ་ལ་དད་ཅིང་། བླུགས་སྐུ་ལ། ཁྱེད་ངའི་ལྷ་ལགས་སོ་ཟེར་བ་རྣམས་རྒྱབ་ཏུ་ལོག་ཅིང་རབ་ཏུ་སྐྱེངས་པར་འགྱུར།
༡༨ ཀྱེ་འོན་པ་རྣམས་ཉོན་དང་། ཀྱེ་ལོང་བ་རྣམས་མཐོང་དུ་ལྟོས་ཤིག ༡༩ ངའི་ཞབས་ཕྱི་མ་གཏོགས་པར་ལོང་བ་སུ་ཡོད། ཡང་ན། ངས་མངགས་པའི་སྐུ་ཚབ་དང་འདྲ་བའི་འོན་པ་ཞིག་ཀྱང་ཡོད་དམ། ང་དང་ཉེ་བ་ལྟ་བུའི་ལོང་བ་སུ་ཡོད། ཡ་ཧོ་ཝཱའི་ཞབས་ཕྱི་ལྟ་བུའི་ལོང་བ་སུ་ཡོད། ༢༠ ཁྱོད་ཀྱིས་བྱ་བ་དུ་མ་མཐོང་ཡང་མིག་གིས་མི་འཛིན། རྣ་བ་ཕྱེས་ཀྱང་མ་ཐོས་སོ། ༢༡ ཡ་ཧོ་ཝཱ་རང་ཉིད་ཀྱི་དྲང་བ་ཉིད་ལ་ལྷག་པར་དུ་དགྱེས་པས། བསྟན་པ་ལ་ཆེ་བ་གནང་ཞིང་བཀུར་སྟི་སྟེར་བ་ཡིན། ༢༢ འོན་ཀྱང་མི་ཚོགས་འདི་ནི་ཕྲོགས་ཤིང་བཅོམས་པ་ཞིག་སྟེ། དེ་ཀུན་ས་དོང་རྣམས་ནང་བཅུག་སྟེ། བཙོན་ཁང་རྣམས་སུ་སྦས་ཏེ། ལིངས་སུ་གྱུར་ཏེ་སུས་ཀྱང་མི་སྐྱོབ། ཕྲོགས་པར་གྱུར་ཏེ་སུས་ཀྱང་ཕྱིར་སྤྲོད་ཅིག་མི་སྨྲའོ། ༢༣ ཁྱོད་ཅག་གི་དཀྱིལ་ན་འདི་ལ་རྣ་བ་འདུད་པ་སུ་ཡིན། སུས་ཉན་ཏེ་མ་འོངས་པའི་དུས་ཀྱི་དོན་དུ་ཐོས་པར་བྱེད། ༢༤ ཡ་ཀོབ་བཅོམ་ནོར་དུ་འགྱུར་བ་དང་ཨིས་ར་ཨེལ་ཇག་པའི་ལག་ཏུ་སུས་བཏད། ངེད་ཚོ་ཁོང་གི་དགྲར་ལངས་ནས་སྡིག་པ་བྱས་པས། ཡ་ཧོ་ཝཱས་མ་བཏད་དམ། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཁོང་གི་གཤེགས་ལམ་ན་འགྲུལ་བར་ཡང་མ་དགའ། བཀའ་རྒྱ་ལའང་མ་ཉན་ཏོ། ༢༥ དེའི་ཕྱིར་ཁོང་གིས་ཉིད་ཀྱིས་ཐུགས་འཁྲོ་བའི་ཁྲོ་བ་དང་། དམག་འཁྲུག་གི་མཐུ་དེའི་སྟེང་དུ་ཕོས་པས། དེའི་ཕྱོགས་ཀུན་ནས་མེ་སྤར་ནས་ཀྱང་མ་གོ། བསྲེགས་ནས་ཀྱང་སྙིང་དུ་མ་བཞག་གོ།