༤༡
ཀྱེ་རྒྱ་མཚོའི་གླིང་ཕྲན་རྣམས། ངའི་དྲུང་དུ་ཁ་རོག་སྡོད་ཅིག ཡང་མི་སྡེ་རྣམས་སྟོབས་གསར་སྐྱེད་ཅིང་ཉེ་བར་འོངས་ཤིག ༢ ཚུར་ཤོག་ལ་ཞུས་ཤིག གཤེགས་འབྱེད་དུ་འོ་སྐོལ་ལྷན་ཅིག་ཏུ་འདུས་ཤིག འགྲོ་ས་ཀུན་ཏུ་དྲང་བ་ཉིད་དང་འཕྲད་པ། མི་སྡེ་དག་དེའི་མདུན་དུ་བཞག་སྟེ། རྒྱལ་པོ་རྣམས་ཀྱི་ཐོག་ཏུ་སྲིད་སྐྱོང་དུ་ཤར་ཕྱོགས་པ་ཞིག་བསྐོས་པ་དེ་སུ་ལགས། དེ་དག་གི་རལ་གྲི་ཐལ་བ་ལྟར་དང་། ལྡིང་བའི་སོག་མ་ལྟར་ཁོའི་གཞུ་མོ་སུས་མཛད། ༣ དེས་དེ་དག་ལ་བདས་ཏེ། སྔོན་དུ་གོམ་པ་མ་བརྒྱབ་པའི་ལམ་ལས་ཀྱང་ཉེ་ཞོ་མེད་པར་བཞུད་དོ། ༤ འཕྲིན་ལས་འདི་གང་གིས་མཛད་ནས་མཐར་བསྐྱེལ་བ་ལགས། ཐོག་མ་ནས་མི་རབས་ཀུན་ལ་འབོད་མཁན། བདག་ཡ་ཧོ་ཝཱ་ནི་ཐོག་མར་མཆིས་པ། མཐའ་མ་རྣམས་དང་མཉམ་མཆིས་པ། ང་ནི་དེ་ཀའོ། ༥ གླིང་ཕྲན་རྣམས་ཀྱིས་མཐོང་ནས་འཇིགས་ཏེ། ས་མཐའ་རྣམས་དངང་སྐྲགས་ནས་ཉེ་བར་འོངས། ༦ དེ་དག་རེ་ཡིས་རང་གི་ཁྱིམ་མཚེས་ལ་རོགས་རམ་བྱས་ཏེ། རེ་ཡིས་རང་གི་སྤུན་ཟླ་ལ། སྙིང་རུས་སྐྱེད་ཅིག་སྨྲས་སོ། ༧ དེ་ལྟར་ཤིང་མཁན་གྱིས་གསེར་བཟོ་པ་དང་། ཐོ་བས་འཇམ་འདོན་མཁན་གྱིས་བཟོ་རྡོའི་ཁར་རྡུང་མཁན་ལ་རུས་བཅུག་ནས། སྦྱོར་རྩི་ལེགས་སོ་ཟེར་ནས། དེ་མི་འགུལ་བའི་ཕྱིར་གཟེར་གྱིས་བསྡམས་སོ༎༨ འོན་ཀྱང་། ཀྱེ་ངའི་ཞབས་ཕྱི་ཨིས་ར་ཨེལ། ངས་འདམས་པའི་ཀྱེ་ཡ་ཀོབ། ཀྱེ་ངའི་མཛའ་བོ་ཨབ་ར་ཧམ་གྱི་ས་བོན་ལས་ཆད་པ། ༩ ཁྱོད་ངས་ས་མཐའ་རྣམས་ལས་དྲངས་པ་སྟེ། ཁྱོད་དེའི་གྲུ་རྣམས་ལས་བོས་པས། ངས་ཁྱོད་ལ། ཁྱོད་ནི་ངའི་ཞབས་ཕྱི་ཡིན། ངས་ཁྱོད་འདམས་ཏེ་མ་བསྐྱུར་ཏོ། ཞེས་གསུངས་པ་ཡིན། ༡༠ ང་ཁྱོད་དང་འགྲོགས་པས། མ་འཇིགས་ཤིག ང་ཁྱོད་ཀྱི་དཀོན་མཆོག་ལགས་པས། མ་འཚབས་ཤིག ངས་ཁྱོད་ལ་སྟོབས་སྟེར་བར་བྱ། འོ་ན། ངས་ཁྱོད་ལ་གྲོགས་བྱའོ། འོ་ན། ངའི་དྲང་བ་ཉིད་ཀྱི་ཕྱག་གཡས་པས་ཁྱོད་འཇུ་བར་བྱའོ། ༡༡ ལྟོས་ཤིག ཁྱོད་ལ་ཁྲོས་བརྔམས་པ་ཐམས་ཅད་སྐྱེངས་ཤིང་ངོ་ཚ་ཞིང་ཅང་མིན་དུ་འགྱུར་འོང་། ཁྱོད་ལ་སྙད་འབྲུ་བ་རྣམས་འཆི་བར་འགྱུར། ༡༢ ཁྱོད་རང་ལ་འཛིང་མཁན་རྣམས་བཙལ་ནས་ཀྱང་མི་བརྙེད། ཁྱོད་དང་འཐབ་པ་དག་ཅང་མིན་དང་ཡོངས་སུ་མེད་པར་འགྱུར་བར་འགྱུར། ༡༣ དེ་ཅིའི་ཕྱིར་ཞེ་ན། ང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ལག་པ་གཡས་པ་ནས་བཟུང་སྟེ་ཁྱོད་ལ། མ་འཇིགས་ཤིག ངས་ཁྱོད་ཀྱི་དཔུང་གྲོགས་བྱའོ། ཞེས་གསུང་ངོ་༎
༡༤ ཀྱེ་སྲིན་འབུ་ཡ་ཀོབ། ཀྱེ་ཨིས་ར་ཨེལ་གྱི་མི་རྣམས། དངང་སྐྲག་པར་མ་གྱུར་ཅིག ཨིས་ར་ཨེལ་གྱི་དམ་པ་ཉིད། ཁྱོད་ཀྱི་སྒྲོལ་མཛད་ལགས་པའི་ཡ་ཧོ་ཝཱ་ངས་ཁྱོད་ལ་གྲོགས་བྱའོ། ཞེས་གསུང་ངོ་། ༡༥ ཀྱེ་ཧོ། ངས་ཁྱོད་རྣོ་བའི་མཆེ་བ་དང་ལྡན་པའི་ཁྱུ་ཡིས་སྐོར་བའི་ཞོན་པ་གསར་བ་ཞིག་ཏུ་བྱ་བ་དང་། ཁྱོད་ཀྱི་རི་རྣམས་རྡེག་ཅིང་འཐགས་ཏེ། རི་ཕྲན་རྣམས་ཕུབ་མ་ལྟར་བྱེད་པར་འགྱུར། ༡༦ ཁྱོད་ཀྱིས་དེ་དག་འཕྱར་བ་དང་། རླུང་གིས་དེ་དག་འཁྱེར་ཞིང་། སྐོར་རླུང་གིས་ཐེ་གཏོར་ཀོ་གཏོར་བྱེད་པར་འགྱུར་གྱིས། ཁྱོད་ནི་ཡ་ཧོ་ཝཱའི་ནང་ན་ཡི་རང་ཞིང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་ནང་ན་དཔལ་དང་ལྡན་པར་འགྱུར་རོ༎
༡༧ དབུལ་པོ་དང་མེད་པོས་ཆུ་བཙལ་ནས་མེད་པའི་ཚེ། དེ་རྣམས་ཀྱི་ལྕེ་སྐོམ་གྲིས་སྐེམ་སྟེ། ང་ཡ་ཧོ་ཝཱས་དེ་དག་ལ་ཨང་ལན་གནང་ཞིང་། ཨིས་ར་ཨེལ་གྱི་དཀོན་མཆོག་ངས་དེ་དག་འདོར་བར་མི་བྱའོ། ༡༨ བདག་གིས་རི་སྟོང་རྣམས་སུ་གཙང་པོ་དང་། ལུང་སྲུབ་རྣམས་སུ་ཆུ་མིག་འདོན་ཞིང་། ངས་འབྲོག་སྟོང་ནི་རྫིང་བུ་དང་། ཆུ་མེད་པའི་ས་ཆ་ནི་ཆུའི་ཆུ་མིག་ཏུ་བྱའོ། ༡༩ ངས་འབྲོག་སྟོང་ནང་འགྱམ་ཤིང་དང་། ཤིད་ཏིམ་དང་། ཧ་དས་དང་། བལ་སན་གྱི་སྐྱེ་ཤིང་རྣམས་སྐྱེད་ཅིང་། ཐང་སྟོང་གི་ནང་ན་སོམ་ཤིང་དང་། ཐང་ཤིང་དང་། སྤ་མ་དུམ་དུམ་དུ་འཛུགས་པར་བྱའོ། ༢༠ གང་ལ་ཞེ་ན། འདི་ཡ་ཧོ་ཝཱའི་ཕྱག་གིས་མཛད་པ་དང་། ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་དེ་རྣམས་བཀོད་པ་ལགས་པ་དེ་དག་གིས་ཅིག་ཅར་དུ་མཐོང་བ་དང་། རྟོགས་པ་དང་། བསམ་མནོ་སྐོར་བ་དང་། ཁོང་དུ་ཆུབ་པའི་ཕྱིར་རོ༎
༢༡ རང་གི་རྒྱུ་རྐྱེན་ཤོད་ཅིག་ཅེས་ཡ་ཧོ་ཝཱས་གསུང་ངོ་། ཁྱོད་རང་གི་ཁུངས་རྣམས་ཁྱེར་ཤོག་ཅེས་ཡ་ཀོབ་ཀྱི་རྒྱལ་པོས་གསུང་ངོ་། ༢༢ དེ་རྣམས་ཀྱིས་དེ་ལྟར་དངོས་སུ་ཕྱུང་སྟེ། འབྱུང་རྒྱུ་དག་ངེད་ལ་སྟོན་པའི་རིགས། ངེད་ཀྱིས་བློ་འཇུག་པ་དང་དེ་དག་གི་མཐའ་མ་རྣམས་རྟོགས་པའི་སླད་དུ། སྔ་མའི་བྱ་བ་ཅི་དང་ཅི་ཡོད་པ་རྣམས་སྟོན་པའི་རིགས་སོ། ཡང་ན་ངེད་ལ་མ་འོངས་པའི་བྱ་བ་རྣམས་ཤོད་ཅིག ༢༣ ཁྱོད་རྣམས་དཀོན་མཆོག་ལགས་པ་རྟོགས་པའི་ཆེད་དུ། ཕྱིས་སུ་ཅི་འབྱུང་བར་འགྱུར་ངེད་ལ་སྟོན་དང་། འོ་ན། ངེད་སེམས་འཕམ་བཅས་མཐོང་བའི་ཕྱིར་དུ། བཟང་པོའམ་ངན་པ་གཅིག་ད་བྱོས་དང་། ༢༤ ལྟོས་ཤིག ཁྱོད་ཅག་ཅང་མིན་ཏེ། ཁྱོད་ཅག་གི་བཟོ་ལས་ཀྱང་ཅང་མིན་པས། ཁྱོད་འདམ་མཁན་ཡང་གྲིབ་ཅན་ནོ༎
༢༥ ངས་བྱང་ཕྱོགས་ནས་མི་གཅིག་བསླངས་པས། ཁོ་འོང་སྟེ། དེས་ཉི་མ་འཆར་ས་ནས་ཚུན་དུ་ངའི་མཚན་བརྗོད་ཅིང་། རྒྱལ་ཕྲན་དག་འཇིམ་པ་དང་། རྫ་མཁན་གྱིས་རྫ་ས་རྫི་བ་ལྟར་རྫི་བར་བྱའོ། ༢༦ ངེད་ལ་རྒྱུས་འགྲོ་རུ་ཐོག་མ་ནས་སུས་བཤད་པ་ཡིན། ངེད་ཀྱིས་བདེན་པའོ་སྨྲ་བར། སུས་སྔོན་དུ་བཤད་པ་ཡིན། འོ་ན། སྟོན་མཁན་ནི་གང་ཡང་མེད། འོ་ན་འཆད་མཁན་ནི་གང་ཡང་མེད། འོ་ན། ཁྱེད་ཀྱི་ཚིག་ཉན་མཁན་ནི་གང་ཡང་མེད་དོ། ༢༧ དང་པོར་ངས་ཙི་ཨོན་ལ། ལྟོས། དེ་དག་ལ་ལྟོས་གསུང་ཞིང་། ང་ཉིད་ཀྱིས་ཡེ་རུ་ཤ་ལེམ་ལ་འཕྲིན་བཟང་འཁྱེར་འོང་མཁན་ཞིག་གནང་བར་བྱའོ། ༢༨ ངས་ལྟ་དུས་དེར་མི་གང་ཡང་མི་འདུག ངས་འདྲི་དུས་ཞུ་ལན་དུ་ཚིག་གཅིག་ཞུ་ནུས་པའི་གྲོས་མི་གང་ཡང་དེའི་ཁྲོད་དུ་མི་འདུག ༢༩ ཀྱེ་ཧོ། དེ་དག་ཐམས་ཅད་འཆོལ་བའོ། དེ་དག་གི་བཟོ་ལས་རྣམས་ཅང་མིན་ནོ། དེ་རྣམས་ཀྱི་བླུགས་སྐུ་ནི་རླུང་དང་སྟོང་པ་ཉིད་དོ༎