༤༠
སེམས་གསོ་ཐོང་ཞིག བདག་གི་འབངས་ལ་སེམས་གསོ་ཐོང་ཞིག ཅེས་ཁྱོད་ཀྱི་དཀོན་མཆོག་གིས་གསུང་ངོ་། ༢ ཡེ་རུ་ཤ་ལེམ་གྱི་སེམས་གསོ་ཤིག དེ་ལ་འབོད་ཅིང་། དེའི་འཐབ་མོའི་དུས་ནི་རྫོགས། སྡིག་སྒྲིབ་ནི་བསལ། དེ་ལ་རང་གི་ཉེས་སྡིག་ཐམས་ཅད་ཀྱི་དོན་དུ། ཡ་ཧོ་ཝཱའི་ཕྱག་ལས་ཉི་ལྡབ་ཕོག་པ་ཡིན་ཞེས་སྨྲོས་ཤིག༣ འབྲོག་སྟོང་ནང་ན་འབོད་མཁན་ཞིག་གི་སྒྲ་ཡིས། ཡ་ཧོ་ཝཱའི་གཤེགས་ལམ་གྱིས་ཤིག ངེད་ཀྱི་དཀོན་མཆོག་གི་དོན་དུ་ཐང་སྟོང་ནང་རྒྱ་ལམ་དྲང་པོ་ཞིག་བཟོས་ཤིག ༤ རོང་ཐམས་ཅད་སྐེང་བར་དགོས། རི་དང་སྒང་ཀུན་དམའ་བར་བྱོས། ཀྱག་ཀྱོག་སྲང་ཞིང་སྒང་འོབས་སྙོམས་པར་དགོས། ༥ དེ་ནས་ཡ་ཧོ་ཝཱའི་གཟི་བརྗིད་མངོན་པར་གྱུར་ཏེ། ལུས་ཅན་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་མཇལ་བར་འགྱུར་རོ། གང་ལ་ཞེ་ན། ཡ་ཧོ་ཝཱའི་ཞལ་གྱིས་འདི་གསུངས་པས་སོ༎
༦ འབོད་སྒྲོག་པར་བྱོས་ཤིག་ཅེས་པའི་སྐད་ཅིག་བྱུང་བས། ཞུས་པ། ངས་ཅི་སྒྲོག་པར་བྱ། ལུས་ཅན་ཐམས་ཅད་རྩྭ་སྟེ། དེའི་སྙིང་རྗེ་པོ་ཐམས་ཅད་ནི་ཐང་གི་མེ་ཏོག་དང་འདྲའོ། ༧ ཡ་ཧོ་ཝཱའི་ཞལ་གྱི་ཧ་འཕོག་པས་རྩྭ་ནི་སྐེམ། མེ་ཏོག་ནི་རྙིད། མི་ནི་བདེན་པར་རྩྭའོ། ༨ རྩྭ་ནི་སྐེམ། མེ་ཏོག་ནི་རྙིད་ཀྱིས། ངེད་ཀྱི་དཀོན་མཆོག་གི་བཀའ་ནི་རྟག་ཏུ་གནས།
༩ ཀྱེ་ཙི་ཨོན་ལ་འཕྲིན་བཟང་འཆད་མཁན་ཁྱེད། རི་བོ་མཐོན་པོར་འཛེགས་ཤིག ཀྱེ་ཡེ་རུ་ཤ་ལེམ་ལ་ལོན་བཟང་པོ་འཁྱེར་བ་ཁྱོད་ཀྱིས། ཤུགས་ཆེན་པོས་སྒྲ་མཐོ་བར་བྱོས། སྒྲ་མཐོ་བར་བྱོས། མ་འཇིགས་ཤིག ཡ་ཧུ་དཱའི་གྲོང་ཁྱེར་ཀུན་ལ། ཀྱེ་ཧོ། ཁྱེད་ཀྱི་དཀོན་མཆོག་ནི་འདི་ཀའོ། ཞེས་སྨྲོས་ཤིག ༡༠ ཀྱེ་ཧོ། ཡ་ཧོ་ཝཱ་དཀོན་མཆོག་ནི་མཐུ་སྟོབས་དང་བཅས་འབྱོན་པར་འགྱུར། ཁོང་གི་ཕྱག་གིས་ཁོང་དོན་སྲིད་སྐྱོང་བར་འགྱུར། ཀྱེ་ཧོ། ཁོང་གི་བྱ་དགའ་ནི་ཁོང་དང་མཉམ་དུ་ཡོད། ཁོང་གི་རྔན་པ་ནི་ཁོང་གི་ཞལ་ངོར་ཡོད། ༡༡ ཁོང་གིས་རྫི་བོ་ལྟར་ཉིད་ཀྱི་ཁྱུ་འཚོ་ཞིང་། ལུ་གུ་རྣམས་ཕྱག་གིས་བསྡུས་ཏེ་སྐུ་པང་དུ་བཞེས་ཤིང་། ལུ་གུ་མ་རྣམས་ཐུགས་དལ་གྱིས་འཁྲིད་པར་འགྱུར།
༡༢ ཆུ་རྣམས་སྤར་བ་དང་སུས་བཅལ། མཐོ་ཡིས་ནམ་མཁའ་སུས་བཏབ། ས་གཞིའི་རྡུལ་བྲེ་ནང་སུས་བཀང་། རི་རྣམས་སྲང་དང་རི་ཕྲན་རྣམས་ཉ་གར་སུས་བཏེགས། ༡༣ ཡ་ཧོ་ཝཱའི་ཐུགས་སུས་བརྟགས། ཡང་ན་སུས་ཁོང་གི་གྲོས་དཔོན་བྱས་ཏེ་ཁོང་ལ་མན་ངག་བསྟན། ༡༤ ཁོང་གིས་སུ་ལ་གྲོས་དྲིས། ཁོང་ལ་གདམས་ངག་ཕུལ་ཏེ། ཞལ་ཆེ་གཅོད་པའི་ལམ་བསྟན་ཏེ། ཡེ་ཤེས་ཡང་བསླབས་ནས། རྟོགས་པའི་ཐབས་སུས་བསྟན་པར་བྱས། ༡༥ ལྟོས་ཤིག མི་བརྒྱུད་རྣམས་ནི་ཆུ་ཟོམ་གྱི་ཐིགས་པ་དང་འདྲ་བས། ཉ་གའི་རྡུལ་ཕྲ་རབ་ལྟ་བུར་རྩི་བར་མཛད་དེ། ལྟོས་ཤིག ཁོང་གིས་རྒྱ་མཚོའི་གླིང་ཕྲན་རྣམས་རྡུལ་ཕྲན་འདྲར་ཐོགས། ༡༦ ལི་བ་ནོན་བུད་ཤིང་ལའང་མི་ལྡང་། དེར་ཡོད་པའི་སྲོག་ཆགས་རྣམས་སྦྱིན་སྲེག་གི་ཕྱིར་དུའང་མི་འཚང་། ༡༧ ཁོང་གི་དྲུང་ན་མི་བརྒྱུད་ཐམས་ཅད་ཅང་མིན་དང་འདྲ་སྟེ། དེ་དག་ཅང་མིན་ལས་ཀྱང་བབས་ཤིང་འཚོལ་བར་རྩིའོ༎
༡༨ དེ་ནས་ཁྱོད་ཀྱིས་དཀོན་མཆོག་གང་དང་སྡུར་བར་བྱ། ཡང་གང་འདྲ་དཔེས་ཁོང་མཚོན་པར་བྱ། ༡༩ བཟོ་པས་བླུགས་སུ་བཏང་ནས་འདྲ་སྐུ་ཞིག་བྱེད། གསེར་བཟོ་པས་དེ་ལ་གསེར་གྱིས་གཡོགས་ཏེ། དངུལ་གྱི་ཉག་ཐག་ཀྱང་བཟོ། ༢༠ སྦྱིན་རྒྱུ་དེ་འདྲ་མེད་པའི་ཉག་ཕྲ་བའི་མིས་ཤིང་མི་རུལ་བ་ཞིག་འདམ་པར་བྱེད། མི་འགུལ་བའི་སྐུ་འདྲ་བཟོ་རུ་ལག་ཤེས་མཁས་གཅང་ཞིག་འཚོལ་བར་བྱེད།
༢༡ ཁྱོད་ཀྱིས་མ་ཤེས་སམ། མ་ཐོས་སམ། ཐོག་མ་ནས་གཏམ་འདི་ཁྱོད་ཅག་ལ་མ་བཤད་དམ། ཁྱོད་ཅག་གིས་ས་གཞིའི་རྨང་གཞི་ལས་རིག་པར་མ་གྱུར་ཏམ། ༢༢ འདི་ནི་ས་གཞིའི་དཀྱིལ་འཁོར་གྱི་སྟེང་ན་མཆིས་པ་དེ་ལགས་ཏེ། དེའི་ནང་ན་གནས་པ་དག ཁོང་གི་དྲུང་ན་ཆ་ག་འབུ་དང་མཚུངས། ཁོང་གིས་ནམ་མཁའ་རྣམས་ཡོལ་བ་ལྟར་དུ་རྐྱོང་ཞིང་། དེའི་ནང་དུ་སྡོད་པའི་ཕྱིར་གུར་ལྟར་འདིང་བར་བྱེད། ༢༣ ཁོང་གིས་རྒྱལ་ཕྲན་རྣམས་ཅང་མིན་མཛད་དེ། སའི་ཁྲིམས་དཔོན་དག་ཡ་མ་བརླ་པོར་མཛད། ༢༤ དེ་དག་ས་ལ་མ་བཙུགས་པའི་སྔོན། མ་བཏབ་པའི་སྔར། དེ་དག་གི་སྡོང་པོས་སའི་ནང་དུ་རྩ་བ་མ་བརྐྱང་བའི་གོང་དུ། ཁོང་གིས་ཕུ་འདེབས་པས། དེ་དག་སྐེམ་ཞིང་། སྐོར་རླུང་གིས་ཕུབ་མ་ལྟར་དུ་འཁྱེར་རོ། ༢༥ ཁྱོད་ཀྱིས་བདག་སུ་དང་སྡུར་བར་བྱ། ཡང་ན་བདག་གང་དང་འདྲ་བར་བྱ། ཞེས་དམ་པ་ཉིད་ཀྱིས་གསུང་ངོ་། ༢༦ རང་གི་མིག་གྱེན་དུ་ཐེགས་ལ། དེ་ཐམས་ཅད་སུས་བཀོད་པ་ལགས་ལྟོས་ཤིག ཁོང་གིས་དེ་དག་གི་དཔུང་ཚོགས་བགྲངས་ནས་ཕྱིར་འདོན་པར་མཛད། དེ་དག་ཐམས་ཅད་ཀྱི་མིང་བརྗོད་ནས་འབོད། ཁོང་གི་མཐུ་སྟོབས་ཁྱད་པར་དུ་ཆེ་བ་དང་། དབང་གི་ནང་ན་སྟོབས་ཆེ་བ་ལགས་པའི་རྐྱེན་གྱིས་གཅིག་ཀྱང་མི་ལུས་སོ༎
༢༧ ཀྱེ་ཡ་ཀོབ་ཁྱོད་ཀྱིས། ངའི་ལམ་ནི་དཀོན་མཆོག་གིས་ཡིབ་གནང་། ངའི་གཤགས་ནི་ངའི་དཀོན་མཆོག་ལས་འབུད་ཚར། ཞེས་ཅི་ལ་བརྗོད། ཅིའི་སླད་དུ་དེ་ལྟར་གླེང་། ཀྱེ་ཨིས་ར་ཨེལ། ༢༨ ཁྱོད་ལ་རྒྱུས་མེད་དམ། མ་ཐོས་སམ། ཡ་ཧོ་ཝཱ་ནི་མཐའ་མེད་པའི་དཀོན་མཆོག་ལགས་ཏེ། ས་མཐའ་རྣམས་ཀྱི་བཀོད་པ་པོ་ནི་མི་ངལ་མི་དུབ་པ་ལགས་པས། ཁོང་གི་མཁྱེན་རྒྱའི་གཏིང་མི་ཆོད་དེ། ༢༩ ཁོང་གིས་ཉམས་ཐག་པ་ལ་མཐུ་སྟོབས་སྟེར། ཤེད་ཟད་པ་ལ་སྟོབས་སྣོན། ༣༠ གཞོན་ནུ་ཉམས་ཐག་ཅིང་ཐང་ཆད་ནས། དར་ལ་བབ་པ་དག་ཡོངས་སུ་ལྟུང་བར་འགྱུར་གྱི། ༣༡ ཡ་ཧོ་ཝཱར་སྒུག་པ་དག་ཡང་སྐྱར་སྟོབས་གསར་སྐྱེད་ཅིང་། རྒོད་པོ་འདྲར་འདབ་ཤོག་གིས་སྟེང་ཕྱོགས་འཕུར་བར་འགྱུར། དེ་དག་རྒྱུག་ནས་ཐང་མི་ཆད། འགྲུལ་ནས་ཉམས་ཐག་པར་མི་འགྱུར་རོ༎