༣༩
དེའི་དུས་སུ་བཱལ་ཨ་དན་གྱི་བུ་མེ་རོ་དག་བཱལ་ཨ་དན་བྱ་བའི་བཱ་བེལ་རྒྱལ་པོས་ཧིས་ཀི་ཡཱ་ལ་ཡི་གེ་དང་རྟེན་བསྐུར་ཏོ། གང་ལ་ཞེ་ན། དེས་ཁོང་ན་བར་གྱུར་ནས་སླར་ནད་དངས་པ་ཐོས་པས་སོ།  ཡང་ཧིས་ཀི་ཡཱ་དེ་དག་ལ་དགའ་བར་གྱུར་ཏེ། རང་གི་ཕོ་བྲང་གི་བཟང་ནོར་དང་། དངུལ་དང་། གསེར་དང་། སྤོད་དང་། སྤོས་ཆུ་གོང་ཐང་ཆེ་བ་དང་། མཚོན་ཆའི་མཛོད་ཐམས་ཅད་དང་། གཏེར་མཛོད་ཀྱི་ནང་ན་ཡོད་པ་ཐམས་ཅད་དེ་དག་ལ་བསྟན་ཏོ། ཧིས་ཀི་ཡཱས་དེ་དག་ལ་མ་བསྟན་པའི་དངོས་པོ་ཅིའང་དེའི་ཁྱིམ་དང་རྒྱལ་སྲིད་ཐམས་ཅད་ཀྱི་ནང་ན་མ་ལུས་སོ།  དེ་ནས་ལུང་སྟོན་པ་ཡེ་ཤ་ཡཱ་རྒྱལ་པོ་ཧིས་ཀི་ཡཱའི་དྲུང་དུ་ཕྱིན་ཏེ་དེ་ལ། མི་འདི་ཚོས་ཅི་སྨྲས། ཡང་དེ་དག་ཁྱེད་སར་གང་ནས་འོངས་པ་ལགས། ཤེས་དྲིས་པས། ཧིས་ཀི་ཡཱས། འདི་རྣམས་ཡུལ་ཐག་རིང་པོ་བཱ་བེལ་ནས་ངའི་རྩར་འོངས་པ་ལགས་སོ་སྨྲས་པའི་ལན་དུ་དེས།  དེ་དག་གིས་ཁྱེད་ཀྱི་ཁྱིམ་ན་ཅི་རེ་མཐོང་བ་ཡིན་དྲིས་པ་དང་། ཧིས་ཀི་ཡཱས། དེ་དག་གིས་ངའི་ཁྱིམ་ན་ཡོད་པ་ཐམས་ཅད་མཐོང་ནས། ངའི་གཏེར་གྱི་ནང་ནས་ངས་དེ་དག་ལ་མ་བསྟན་པ་ཅིའང་མེད་དོ་བྱས་པས།  ཡེ་ཤ་ཡཱས་ཧིས་ཀི་ཡཱ་ལ། ད་དཔུང་ཆེན་གྱི་ཡ་ཧོ་ཝཱའི་བཀའ་ལ་ཉོན་ཞིག  ཀྱེ་ཧོ། ཁྱེད་ཀྱི་ཁྱིམ་གྱི་ནང་ན་ཡོད་པ་ཐམས་ཅད་དང་། ཁྱེད་ཀྱི་ཕ་མེས་རྣམས་ཀྱིས་དེ་རིང་གི་བར་དུ་ཅི་དང་ཅི་གཏེར་དུ་སྤུངས་ནས་ཡོད་པ་ཐམས་ཅད་བཱ་བེལ་ཡུལ་དུ་འཁྱེར་བའི་དུས་ལ་འབབ་ཀྱིན་འདུག ཅིའང་ལུས་པར་མི་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་།  ཡང་ཁྱེད་ལས་ཆད་པ་དང་། ཁྱེད་ལས་སྐྱེ་བར་འགྱུར་བའི་བུ་ཁ་ཤས་ཁྱེར་ཏེ། བཱ་བེལ་རྒྱལ་པོའི་ཁབ་ན་ཉུག་རུམ་དུ་འགྱུར་བར་འགྱུར་རོ། ཞེས་སྨྲས་པ་དང་།  ཧིས་ཀི་ཡཱས། ངའི་ཚེའི་ནང་དུས་བདེ་དང་བདེ་འཇགས་ལུས་པར་འགྱུར་རོ་བསམས་པས་ཡེ་ཤ་ཡཱ་ལ། ཁྱེད་ཀྱིས་གསུངས་པའི་ཡ་ཧོ་ཝཱའི་བཀའ་དེ་ནི་ལེགས་པའོ་སྨྲས་སོ༎