༣༨
དེའི་དུས་སུ་ཧིས་ཀི་ཡཱ་འཆི་བ་ལ་ཐུག་པའི་ནད་ཀྱིས་བཏབ་པ་དང་། ཨ་མོས་ཀྱི་བུ་ཡེ་ཤ་ཡཱ་ལུང་སྟོན་པ་དེའི་དྲུང་དུ་འོངས་ནས་དེ་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་གསོན་པོར་མི་ལུས་ཏེ། འཆི་བར་འགྱུར་བས། རང་གི་ནང་གྲལ་བྱོས་ཤིག་ཅེས་སྨྲས་པས།  ཧིས་ཀི་ཡཱས་རང་གི་གདོང་པ་རྩིག་པའི་ཕྱོགས་སུ་བསྒྱུར་ནས། ཡ་ཧོ་ཝཱ་ལ་སྨོན་ལམ་འདེབས་ཤིང་འདི་སྐད་དུ།  ཀྱེ་ཡ་ཧོ་ཝཱ། ང་ཁྱེད་ཀྱི་ཞལ་ངོར་ཇི་ལྟར་སེམས་དྲང་པོ་དང་སྙིང་དག་པའི་ནང་ནས་འགྲུལ་ཞིང་། ཁྱེད་ཀྱི་གཟིགས་ངོར་གང་བཟང་བ་དེ་སྤྱད་པ་ནི་ཐུགས་དྲན་དུ་ངས་གསོལ་ལོ་ཞུས་ཏེ་ཧིས་ཀི་ཡཱ་དྲག་ཏུ་ངུས་སོ༎
 དེ་ནས་ཡེ་ཤ་ཡཱ་ལ་ཡ་ཧོ་ཝཱའི་བཀའ་ཕེབས་ནས་འདི་སྐད་དུ།  སོང་ལ་ཧིས་ཀི་ཡཱ་ལ། ཡ་ཧོ་ཝཱ་ཁྱོད་ཀྱི་ཕ་དཱ་བིད་ཀྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱི་སྨོན་ལམ་གསན་ཏེ། ཁྱོད་ཀྱི་མཆི་མ་ངས་གཟིགས་པས། ཀྱེ་ཧོ། ཁྱོད་ཀྱི་ཚེ་ལ་ལོ་བཅོ་ལྔ་སྣོན་པར་བྱའོ།  ཡང་ངས་ཁྱོད་དང་གྲོང་ཁྱེར་འདི་ཨ་སུར་རྒྱལ་པོའི་ལག་པ་ལས་སྐྱོབ་ཅིང་། གྲོང་ཁྱེར་འདི་ངས་སྲུང་བར་བྱའོ།  ཡ་ཧོ་ཝཱས་གསུངས་པ་དེ་སྒྲུབ་པ་ལ། ཡ་ཧོ་ཝཱའི་ཕྱོགས་ལས་ཁྱོད་ཀྱི་ཕྱིར་རྟགས་འདི་ཡིན།  ལྟོས་ཤིག ངས་ཨ་ཧས་ཀྱི་ཉི་ཚོད་ཀྱི་ནང་དུ་ཉི་མའི་གྲིབ་མ་མར་བབས་པའི་ཁྲམ་བཅུ་སླར་གྱེན་དུ་ཟློག་པར་བྱའོ། ཞེས་སྦྲན་ཏོ། དེའང་ཉི་མ་གང་ཁྲམ་རྣམས་བབས་ཟིན་ཡོད་པ་ལས། ཁྲམ་བཅུ་ཕྱིར་གྱེན་དུ་ལོག་འོངས་སོ༎
 ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱ་ན་བར་གྱུར་ཏེ་ནད་སོས་པའི་ཚེ་ན། དེས་ཡི་གེར་སྦྱར་བ་ནི།
༡༠ བདག་གི་ན་སོ་དར་བསྒང་དུ། དུར་སྒོ་རྣམས་སུ་བསླེབས་འོང་སྟེ། ཚེ་ལོ་ཕྱི་ལུས་བྲལ་ཏོ་སྨྲས། ༡༡ ངས་ཡཱ་འོ་ན་ཡ་ཧོ་ཝཱ། གསོན་ཡུལ་ན་སླར་མཇལ་མི་འོང་། གཤིན་ཡུལ་ནང་དུ་མི་ཡུལ་པ། ངས་ནི་མཐོང་བར་མི་འགྱུར་སྨྲས། ༡༢ ང་ཡི་གུར་ཁང་བོགས་པར་བྱས་པ་ཡིན། ལུག་རྫིའི་གུར་ལྟར་ང་ལས་འཕྲལ་བ་ཡིན། ཐགས་མཁན་ལྟར་ངས་རང་སྲོག་བསྒྲིལ་བ་ཡིན། ཐགས་ཆ་ལས་ཁོང་གིས་ང་བཅད་པ་ཡིན། སྔ་དྲོ་ལས་མཚན་མོ་ཡི་བར་དུ་ཡང་། ཁྱེད་ཀྱིས་ང་ནི་མཐའ་མར་སྐྱེལ་བར་མཛད།
༡༣ སྔ་དྲོའི་བར་དུ་ང་ནི་བསྒུགས་པ་ཡིན། སེང་བཞིན་ཁོང་གིས་ང་ཡི་རུས་པ་ཐགས། སྔ་དྲོ་ནས་མཚན་མོ་ཡི་བར་དུ་ཡང་། ཁྱེད་ཀྱིས་མཐའ་མར་ང་ནི་སྐྱེལ་བར་མཛད།
༡༤ བྱ་ཁུག་ཏ་དང་ཁྲུང་ཁྲུང་འདྲར། ངས་ཀྱང་ཅི་རིད་ཅི་རིད་བྱས། ཕུག་རོན་ལྟར་ང་ངུས་པ་ཡིན། སྟེང་ཕྱོགས་བལྟས་ཏེ་ངའི་མིག་ནོངས། ཀྱེ་ཡ་ཧོ་ཝཱ་བདག་སྡུག་ཕོངས་པས། ཁྱེད་ངའི་ཁག་ཐེག་མཛད་པར་ཤོག
༡༥ ངས་ནི་ཅི་ཞིག་སྨྲ་བར་བྱ། ང་ལ་གསུངས་ཏེ་ལས་དོན་བསྒྲུབ། ང་སྲོག་གཟེར་གྱིས་གདུངས་ན་ཡང་། ཚེ་གང་འཇམ་པོར་ང་འགྲོ་འོང་།
༡༦ ཀྱེ་ཡ་ཧོ་ཝཱ། འདི་དག་སྒོ་ནས་མི་རྣམས་གསོན། འདི་ཀུན་ནང་ངའི་ཚེ་སྲོག་ཡོད། ཉིད་ཀྱིས་བདག་སོས་ནས་གསོན་ཆུག ༡༧ ཀྱེ་ཧོ། ཞི་བདེའི་ཕྱིར་དུ་རོ་རབ་ཁ་བ་བྱུང་། འོན་ངའི་སྲོག་ལ་ཐུགས་བརྩེར་དགོངས་ཏེ། རུལ་དྲིའི་དོང་ལས་ཁྱེད་ཀྱིས་བདག་བསྒྲལ། གང་ལ་ཞེ་ན་ངའི་ཉེས་སྡིག་ཀུན། ཉིད་ཀྱི་སྐུ་རྒྱབ་ཏུ་དབྱུགས་པས་སོ༎
༡༨ དེ་ནི་ཅི་ཕྱིར་དུ་ཞེས་པ་ན། དུར་གྱིས་ཁྱེད་ལ་སྟོད་པར་མི་ནུས། འཆི་བས་ཁྱེད་ལ་གཟེངས་སྟོད་མི་ནུས། དོང་ནང་འབབ་པ་རྣམས་ཀྱིས་ཁྱེད་ཀྱི། བདེན་པ་ཉིད་ལ་རེ་བར་མི་ནུས། ༡༩ གསོན་པོའི་གསོན་པོས་ཁྱེད་ལ་སྟོད་འོང་། ཉི་མ་དེ་རིང་ངས་ཁྱེད་བཞིན་ནོ། ཕས་བུར་ཁྱེད་ཀྱི་བདེན་འཕྲིན་གཏང་ངོ་། ༢༠ ཡ་ཧོ་ཝཱ་བདག་སྐྱོབ་ཏུ་འཕྲལ་སྒྲིགས་བཞུགས། དེ་ཕྱིར་ངེད་ཅག་གིས་རྒྱུད་ལྡན་གྱི། རོལ་ཆས་ཐོགས་ཏེ་ཡ་ཧོ་ཝཱའི་ཁྱིམ་ནང་། ཚེ་ཧྲིལ་པོར་ངའི་གླུ་རྣམས་ལེན་འོང་།
༢༡ དེའང་ཡེ་ཤ་ཡཱས་སེ་ཡབ་ཀྱི་བག་ལེབ་ཅིག་སྣུམ་ཟན་གྱི་ཕྱིར་གཉན་འབུར་གྱི་ཐོག་ཏུ་སློན་ཞིག་དང་གསོ་བར་འགྱུར་རོ་ཞེས་བསྒོ་བ་དང་། ༢༢ ཧིས་ཀི་ཡཱས་ཀྱང་། བདག་ཡ་ཧོ་ཝཱའི་ཕོ་བྲང་དུ་འགྲོ་བར་འགྱུར་བའི་རྟགས་གང་ལགས་ཤེས་དྲིས་པ་ཡིན༎