༣༧
དེ་ནས་རྒྱལ་པོ་ཧིས་ཀི་ཡཱས་དེ་ཐོས་པ་ཙམ་གྱིས་རང་གི་ན་བཟའ་ཧྲལ་ཏེ། རྩྭ་ཕད་གཡོགས་ནས། ཡ་ཧོ་ཝཱའི་ཕོ་བྲང་དུ་ཆས་པ་དང་།  དེས་གཟིམས་དཔོན་ཨེལ་ཡཱ་ཀིམ་དང་། དྲུང་ཡིག་ཤེབ་ནཱ་དང་། བླ་མ་རྣམས་ཀྱི་དབུ་ཆོས་དག་ཨ་མོས་ཀྱི་བུ་ལུང་སྟོན་པ་ཡེ་ཤ་ཡཱའི་དྲུང་དུ་རྩྭ་ཕད་བསྐོན་ནས་མངགས་པ་དང་།  དེ་དག་གིས་ཁོང་ལ་ཧིས་ཀི་ཡཱས་འདི་ན་རེ། དེ་རིང་ནི་སྡུག་བསྔལ་དང་སྨད་པ་དང་སྐུར་ལན་གྱི་ཉི་མའོ། གང་ལ་ཞེ་ན། བུ་སྐྱེ་རན་ཏེ། སྐྱེ་བའི་སྟོབས་མེད་དོ།  ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་རབ་ཤཱ་ཀེའི་ཚིག་རྣམས་གསན་ལས་ཆེ། གསོན་པོའི་དཀོན་མཆོག་ལ་སྨད་པ་དང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་གསན་པའི་ཚིག་གི་ངང་ནས་སྐུར་པ་འདེབས་སུ་དེའི་ཇོ་བོ་ཨ་སུར་རྒྱལ་པོས་ཁོ་མངགས་ནས་བཏང་བ་ཡིན། དེ་བས་ན་ཁྱེད་ཀྱིས་ཕྱི་ལུས་ཡོད་པ་འདི་དག་གི་དོན་དུ་སྨོན་ལམ་ཐོབ་ཅིག་ཅེས་གསུང་གི་འདུག་བྱས་ཏེ།
 ཧིས་ཀི་ཡཱའི་ཞབས་ཕྱི་དག་ཡེ་ཤ་ཡཱའི་དྲུང་དུ་ཕྱིན་ཏོ།  ཡེ་ཤ་ཡཱས་དེ་དག་ལ། ཁྱོད་ཅག་གི་ཇོ་བོ་ལ་འདི་ལྟར་སྦྲོན་ཞིག ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱིས་ཐོས་པའི་ཨ་སུར་རྒྱལ་པོའི་བྲན་པོ་དག་གིས་སྐུར་པ་བཏབ་པའི་ཚིག་གིས་འཇིགས་པར་མ་གྱུར་ཅིག  ལྟོས་ཤིག ངས་དེའི་ནང་དུ་སེམས་ཉིད་ཅིག་གཞུག དེས་གཏམ་ལོ་ཞིག་ཐོས་ནས་རང་གི་ཡུལ་དུ་ལོག་པར་འགྱུར། ངས་ཁོ་རང་གི་ཡུལ་ན་རལ་གྲིས་འགུམ་པར་བྱའོ། གསུང་ངོ་༎
 དེ་ལྟར་རབ་ཤཱ་ཀེ་ཕྱིར་ལོག་སོང་བ་དང་། ཨ་སུར་རྒྱལ་པོས་ལིབ་ནཱ་དང་དམག་འཐབ་ཀྱིན་ཡོད་པ་དང་ཕྲད་དོ། དེས་ཁོ་ནི་ལཱ་ཁིས་ནས་ཆས་ཟིན་པའི་ཕྲིན་ཐོས་པ་ཡིན།  ཡང་དེས་ཀུས་ཀྱི་རྒྱལ་པོ་ཏིར་ཧ་ཀཱ་ཁྱེད་དང་འཛིང་དུ་འོང་གིན་གདའ་ཞེས་ཐོས་པའི་ཚེ་ཧིས་ཀི་ཡཱའི་དྲུང་དུ་ཕོ་ཉ་ཚོ་མངགས་ཤིང་འདི་ན་རེ། ༡༠ ཁྱོད་ཅག་གིས་ཡ་ཧུ་དཱའི་རྒྱལ་པོ་ཧིས་ཀི་ཡཱ་ལ་འདི་ལྟར་སྦྲོན་ཞིག ཡེ་རུ་ཤ་ལེམ་ནི་ཨ་སུར་རྒྱལ་པོའི་ལག་ཏུ་གནང་བར་མི་འགྱུར་རོ་སྨྲ་ཞིང་། ཁྱོད་ཀྱིས་བློ་གཏད་བཅོལ་བའི་དཀོན་མཆོག་གིས་ཁྱོད་སླུ་བར་མ་གྱུར་ཅིག ༡༡ ལྟོས་དང་། ཨ་སུར་གྱི་རྒྱལ་པོ་རྣམས་ཀྱིས་ཡུལ་ཀུན་ལ་ཅི་དང་ཅི་བྱས་ནས་རྣམ་པར་བཅོམས་པ་ཁྱོད་ཀྱིས་ཐོས་ཡོད་པས། ད་ཁྱོད་ཐར་བར་འགྱུར་རམ། ༡༢ བདག་གི་ཕ་མེས་རྣམས་ཀྱིས་བཅོམས་པའི་མི་སྡེ་གོ་ཟན་དང་། ཧ་རན་དང་། རེ་ཙེབ་དང་། ཨེ་དེན་ལ་ཡོད་པའི་ཏེ་ལས་སར་ལ་ཡོད་པའི་ལྷ་སོ་སོ་ཡིས་དེ་རྣམས་བསྐྱབས་སམ། ༡༣ ཧ་མད་ཀྱི་རྒྱལ་པོ་དང་། ཨར་ཕད་ཀྱི་རྒྱལ་པོ་དང་། སེ་ཕར་ཝཱ་ཨིམ་གྲོང་ཁྱེར་གསུམ་པོའི་རྒྱལ་པོ་དང་། ཧེ་ནཱ་དང་ཨི་ཝཱ་ག་ན་ཡོད། ཅེས་ཕྲིན་བསྐུར་ཏོ༎
༡༤ དེར་ཧིས་ཀི་ཡཱས་ཕོ་ཉ་དག་གི་ལག་ནས་ཡི་གེ་དེ་བརྙེད་ནས་བཀླགས་པ་དང་། ཡར་ཡ་ཧོ་ཝཱའི་ཕོ་བྲང་དུ་སོང་ནས། ཡ་ཧོ་ཝཱའི་སྤྱན་སྔར་ཡི་གེ་ཐར་བཏིང་ནས། ༡༥ ཧིས་ཀི་ཡཱས་ཡ་ཧོ་ཝཱའི་སྤྱན་སྔར་གསོལ་བ་འདེབས་ཤིང་། ༡༦ ཀྱེ་ཀེ་རུབ་རྣམས་ཀྱི་དབུས་བཞུགས་པའི་དཔུང་ཆེན་གྱི་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག་ལགས། ཁྱེད་གཅིག་གཅིག་འབའ་ཞིག་སའི་རྒྱལ་ཁམས་ཀུན་གྱི་དཀོན་མཆོག་དེ་ལགས། ཁྱེད་ཉིད་ཀྱིས་ནམ་མཁའ་དང་ས་བཀོད་པ་ལགས། ༡༧ ཀྱེ་ཡ་ཧོ་ཝཱ། སྙན་བཏུད་དེ་གསན་མཛོད། ཀྱེ་ཡ་ཧོ་ཝཱ། སྤྱན་ཕྱེས་ནས་གཟིགས་སུ་གསོལ། སེན་ན་ཁེ་རིབ་ཀྱིས་གསོན་པོའི་དཀོན་མཆོག་ལ་སྨད་པའི་དོན་དུ་བསྐུར་པའི་ལོན་གྱི་ཚིག་ཐམས་ཅད་གསན་པར་མཛོད་ཅིག ༡༨ ཀྱེ་ཡ་ཧོ་ཝཱ། ཨ་སུར་གྱི་རྒྱལ་པོ་རྣམས་ཀྱིས་མི་བརྒྱུད་ཐམས་ཅད་ཡུལ་དང་བཅས་བཤིག་པ་ནི་བདེན་ནོ། ༡༩ དེ་དག་གི་ལྷ་རྣམས་མེ་ལ་བཏབས། གང་ལ་ཞུ་ན། དེ་དག་ནི་དཀོན་མཆོག་མིན་ཏེ། མིའི་ལག་པའི་བཟོ་ལས་དང་ཤིང་དང་རྡོ་ཡིན་པས། དེ་དག་མེད་པར་བྱས་སོ། ༢༠ དེ་བས་ན་ཀྱེ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག ས་གཞིའི་རྒྱལ་སྲིད་ཐམས་ཅད་ཀྱིས་ཁྱེད་རང་གཅིག་གཅིག་འབའ་ཞིག་གཙོ་བོ་ལགས་ངེས་པར་རྟོགས་པའི་སླད་དུ། ངེད་ཅག་དེའི་ལག་པ་ལས་སྐྱོབ་པར་མཛད་དུ་གསོལ། ཞེས་ཞུས་སོ༎
༢༡ དེ་ནས་ཨ་མོས་ཀྱི་བུ་ཡེ་ཤ་ཡཱས་ཧིས་ཀི་ཡཱ་ལ་འཕྲིན་བསྐུར་ནས་འདི་སྐད་དུ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་གསུང་། ཁྱོད་ཀྱིས་སྨོན་ལམ་གྱི་ངང་ནས་ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་ཀྱི་སྐོར་དུ་ཞུས་པས། ༢༢ ཡ་ཧོ་ཝཱས་དེའི་ཆེད་དུ་གསུངས་པའི་བཀའ་ནི་འདི་སྟེ།
ཙི་ཨོན་གྱི་བུ་མོ་ན་ཆུང་གིས་ཁྱོད་ལ་སྨད་ཅིང་ཁྲེལ་དགོད་བཏང་། ཡེ་རུ་ཤ་ལེམ་གྱི་བུ་མོས་ཁྱོད་ལ་མགོ་དབྱུག་བྱས།
༢༣ ཁྱོད་ཀྱིས་སུ་ལ་འབར་ཞིང་སྐུར་པ་བཏབ་པ་ཡིན། སུའི་ཐད་དུ་ཁྱོད་ཀྱིས་ཀུ་སྒྲ་ལྷང་ལྷང་བྱས་པ་ཡིན། ཁྱོད་ཀྱི་མིག་གྱེན་དུ་བཏེགས་ནས། ཨིས་ར་ཨེལ་གྱི་དམ་པ་ཉིད་དེ་ལ་མིག་ཧུར་ཧུར་བྱས།
༢༤ ཁྱོད་ཀྱིས་རང་གི་གཡོག་པོ་རྒྱུད་ནས་ཡ་ཧོ་ཝཱ་ལ་སྨད་དེ་འདི་སྐད་དུ། བདག་རང་གི་ཤིང་རྟ་མང་དྲགས་པའི་སྒོ་ནས་རི་བོ་དག་གི་རྩེར་འཛེགས་ནས། ལི་བ་ནོན་གྱི་ཕུགས་སུ་ཕྱིན་ཏེ། ངས་དེའི་འགྱམ་ཤིང་རིང་མོ་རྣམས་དང་སོམ་ཤིང་སྡུག་པ་རྣམས་བཅད་ནས། དེའི་ནགས་ཚལ་སྟུག་པོ་རྣམས་ཀྱི་མཐའ་མའི་བར་དུ་ཞུགས་ནས་སོང་བ་ཡིན།
༢༥ ངས་བྲུས་ནས་ཆུ་བཏུང་བ་ཡིན། ངས་རང་གི་རྐང་མཐིལ་གྱིས་མི་སེར་གྱི་གཙང་པོ་ཐམས་ཅད་སྐེམ་པར་བྱས་པ་ཡིན་སྨྲས་བྱུང་།
༢༦ བདག་གིས་སྔར་ནས་དེ་དག་གི་གྲལ་བྱས་ཏེ། ངས་སྔོན་དུས་སུ་རི་མོ་བཀོད་ནས་ཡོད་པ་ཁྱོད་ཅག་གི་རྣ་བས་མ་ཐོས་སམ། ཁྱོད་ཀྱིས་གྲོང་ཁྱེར་བཙན་པོ་དག་བཤིག་ནས་ཁང་གོག་ཏུ་བྱས་པ་དེ་ནི། ད་ལྟ་ངས་བསྒྲུབ་པར་བྱས་པ་ཡིན་ནོ༎
༢༧ དེ་བས་ན་དེར་གནས་པ་དག་སྟོབས་ཞན་ཅིང་ངོ་ཚ་བར་གྱུར་ཏོ། དེ་དག་ནི་ཐང་གི་རྩྭ་ལྟ་བུ་དང་། ཞིང་གི་སྔོ་ལྟ་བུ་དང་། ཁང་པའི་ཐོག་གི་རྩྭ་ལྟ་བུ་དང་། འབྲུ་ཞིང་མ་སྨིན་གོང་དུ་སྐེམ་པ་ལྟ་བུར་ཡོད་པ་ཡིན།
༢༨ འོན་ཀྱང་ངས་ཁྱོད་ཀྱི་འདུག་ལུགས་དང་། ཁྱོད་ཕྱི་ནང་འགྲོ་འོང་དང་། ཁྱོད་ང་ལ་འཁྲོ་ལུགས་རྣམས་ཀྱི་རྒྱུས་ང་ལ་ཡོད།
༢༩ ཁྱོད་ཀྱིས་ང་ལ་བྱས་པའི་ཁོང་ཁྲོ་དང་། ཁྱོད་ཀྱི་ཁེངས་དྲེགས་ངའི་སྙན་དུ་བསླེབས་པས། བདག་གིས་རང་གི་ཁུག་རུ་ཁྱོད་ཀྱི་སྣ་རུ་བཅུག་ནས། ཉིད་ཀྱི་སྲབ་ཁྱོད་ཀྱི་ཁ་ལ་བཅུག་སྟེ། ཁྱོད་འོངས་པའི་ལམ་དེ་ཀ་ནས་ཕྱིར་ཟློག་པར་བྱའོ༎
༣༠ ད་ཁྱོད་ཀྱི་དོན་དུ་རྟགས་འདི་ཡིན། ཁྱོད་ཅག་གིས་ད་ལོ་ནི་རང་བཞིན་གྱིས་སྐྱེ་བ་དེ་ཟ་བར་འགྱུར། རྗེས་མའི་ལོར་དེའི་ཁོལ་ཟ་བར་འགྱུར། ལོ་གསུམ་ངོར་ཞིང་རྨོས་ནས་བརྔས་ཏེ། རྒུན་ཚལ་བཙུགས་ནས་དེའི་འབྲས་བུ་ཟ་བར་བྱོས། ༣༡ ཡང་ཡ་ཧུ་དཱའི་ཕ་སྤད་ལས་ལུས་པའི་ལྷག་མ་དེས་སླར་མཐིལ་དུ་རྩ་བ་བརྐྱངས་ཏེ། སྟེང་དུ་འབྲས་བུ་སྐྱེད་པར་འགྱུར། ༣༢ དེ་ཅིའི་ཕྱིར་ཞེ་ན། ཡེ་རུ་ཤ་ལེམ་གྱི་ནང་ནས་ལུས་པའི་ལྷག་མ་ཞིག་དང་། རི་བོ་ཙི་ཨོན་ལས་ཐར་པ་རྣམས་ཕྱི་རོལ་ཏུ་འགྲོ་བར་འགྱུར། དཔུང་ཆེན་གྱི་ཡ་ཧོ་ཝཱའི་ཤུགས་ཀྱིས་དེ་བཞིན་སྒྲུབ་པར་འགྱུར་རོ༎
༣༣ དེ་བས་ན་ཨ་སུར་གྱི་རྒྱལ་པོའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་གསུང་། ཁོ་གྲོང་ཁྱེར་འདིའི་ནང་འོང་བར་ཡང་མི་བྱ། འདིའི་ནང་དུ་མདའ་ཡང་འཕེན་པར་མི་བྱ། ཕུབ་ཐོགས་ནང་དེའི་ཐད་ཀར་འོང་བར་ཡང་མི་འགྱུར། དེའི་ཐད་དུ་ཕག་ར་རྩིག་པར་ཡང་མི་འགྱུར་གྱི། ༣༤ ཁོ་འོངས་པའི་ལམ་དེ་ཀ་ནས་ཕྱིར་ལོག་འགྲོ་བར་བྱའི། གྲོང་ཁྱེར་འདིར་འཛུལ་བར་མི་འགྱུར་རོ་ཞེས་ཡ་ཧོ་ཝཱས་གསུང་ངོ་། ༣༥ གང་ལ་ཞེ་ན། ངས་རང་གི་དོན་དུ་དང་། ངའི་བྲན་པོ་དཱ་བིད་ཀྱི་ངོར། གྲོང་ཁྱེར་འདི་སྐྱོབ་པའི་དོན་དུ་སྲུང་བར་བྱའོ། ཞེས་གསུངས་སོ༎
༣༦ དེ་ནས་ཡ་ཧོ་ཝཱའི་ཕོ་ཉ་དེ་ཕྱིར་ཐོན་ཏེ། ཨ་སུར་པའི་དམག་སྒར་གྱི་མི་ཁྲི་སྐོར་བཅོ་བརྒྱད་དང་སྟོང་ཕྲག་ལྔའི་སྲོག་བཅད་པ་དང་། ཐོ་རངས་ཀྱི་དུས་སུ་མི་རྣམས་ལངས་པའི་ཚེ་ན། ལྟོས་དང་། དེ་དག་ཐམས་ཅད་ནི་ཤི་བའི་རོར་གྱུར་ནས་ཡོད་པ་ཡིན། ༣༧ དེ་ལྟར་ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་དེ་ནས་ཐེགས་ཏེ། ཕྱིར་ལོག་སོང་ནས་ནི་ནི་ཝེར་བསྡད་དོ། ༣༨ དེར་ཁོ་རང་གི་ལྷ་ནིས་རོག་གི་ལྷ་ཁང་ན་རིམ་གྲོ་བྱེད་ཀྱིན་ཡོད་པའི་དུས་སུ། དེའི་བུ་ཨ་དྲམ་མེ་ལེག་དང་ཤར་ཨེ་ཟེར་གཉིས་ཀྱིས་ཁོ་རལ་གྲིས་བཀུམ་སྟེ། ཨ་ར་རད་ཡུལ་དུ་བྲོས་སོ། དེའི་ཚབ་ཏུ་དེའི་བུ་ཨེ་སར་ཧད་དོན་རྒྱལ་སར་བསྐོས་སོ༎