༣༦
དེའང་རྒྱལ་པོ་ཧིས་ཀི་ཡཱའི་སྲིད་སྐྱོང་བའི་ལོ་བཅུ་བཞི་བར་ཨ་སུར་གྱི་རྒྱལ་པོ་སེན་ན་ཁེ་རིབ་ཀྱིས་ཡ་ཧུ་དཱའི་གྲོང་ཁྱེར་བཙན་པོ་ཐམས་ཅད་ལ་བརྒོལ་ནས་དེ་དག་བླངས་སོ། ༢ ཡང་ཨ་སུར་གྱི་རྒྱལ་པོས་རབ་ཤཱ་ཀེ་བྱ་བ་དམག་དཔུང་ཆེན་པོ་ཞིག་དང་བཅས་ལཱ་ཁིས་ནས་ཧིས་ཀི་ཡཱ་གང་ན་བར་ཡེ་རུ་ཤ་ལེམ་ལ་མངགས་པ་དང་། དེ་འཁྲུད་མཁན་གྱི་ཞིང་གི་ལམ་ཁར་རྫིང་གོང་མའི་ཁྲི་ཡུར་གྱི་རྩར་ལངས་བསྡད་ཡོད་པ་དང་། ༣ ཧིལ་ཀི་ཡཱའི་བུ་ཨེལ་ཡཱ་ཀིམ་བྱ་བའི་གཟིམས་དཔོན་དང་། དྲུང་ཡིག་ཤེབ་ནཱ་དང་། ཨ་སབ་ཀྱི་བུ་ཡོ་ཨ་འབྱུང་རབས་འབྲི་མཁན་དང་གསུམ་དེའི་ཐད་དུ་ཐོན་པ་ལས།༤ རབ་ཤཱ་ཀེས་དེ་དག་ལ། ད་ཁྱོད་ཅག་གིས་ཧིས་ཀི་ཡཱ་ལ་འདི་སྐད་སྦྲོན་ཞིག རྒྱལ་པོ་ཆེན་པོ་ཨ་སུར་གྱི་རྒྱལ་པོས་འདི་སྐད་གསུང་། ཁྱོད་ཀྱིས་བློ་གཏད་བཅོལ་བའི་གདེང་ཚད་དེ་ཅི་ཡིན། ༥ ངས་ཟེར་བ་ལ། དམག་འཐབ་ལ་ཁྱོད་ཀྱི་ཇུས་དང་སྟོབས་ནི་སྟོང་པ་ཉིད་ཀྱི་ཁ་བཤད་འབའ་ཞིག་སྟེ། ད་ཁྱོད་ཀྱི་བློ་གཏད་སུ་ལ་བཅོལ་བས་བདག་ལ་ངོ་ལོག་བྱས་པ་ཡིན། ༦ ལྟོས་ཤིག ཁྱོད་ཀྱིས་མི་སེར་འདམ་བུ་ཆག་པོའི་བེར་ཀ་ལ་བློ་གཏད་བྱེད། དེ་ལ་གང་གིས་རྟེན་ན། ལག་པའི་ནང་དུ་འཛུལ་ནས་ཟུག་པར་འགྱུར། དེ་འདྲ་བ་མི་སེར་གྱི་རྒྱལ་པོ་ཕར་ཨོ་དེ་ལ་བློ་གཏད་བཅོལ་ཚད་ལ་ཡིན་ནོ། ༧ ཡང་ཇི་སྟེ་ཁྱོད་ཀྱིས་ང་ལ། ངེད་ཅག་གིས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་བློ་གཏད་བྱེད་དོ་ཟེར་ན། དེའི་མཐོ་གླིང་དང་མཆོད་ཁྲི་རྣམས་ཧིས་ཀི་ཡཱས་ཕྲོགས་པ་དེ་རང་མིན་ནམ། ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་ལ། ཁྱོད་ཚོས་མཆོད་ཁྲི་འདིའི་རྩར་བསྙེན་བཀུར་གྱིས་ཤིག་ཅེས་ཁོས་སྨྲས་སོ། ༨ དེ་བས་ན་ངའི་ཞུ་གསོལ་ནི། བདག་གི་ཇོ་བོ་ཨ་སུར་གྱི་རྒྱལ་པོ་དང་ཆད་དོན་བྱོས་ཤིག ཇི་སྟེ་ཁྱོད་ཀྱི་རྟ་པ་སྐྱོན་ནུས་ན། ངས་ཁྱོད་ལ་རྟ་སྟོང་ཕྲག་གཉིས་སྦྱིན་པར་བྱའོ། ༩ འོ་ན་བདག་གི་ཇོ་བོའི་བྲན་པོ་ཆུང་ཤོས་རྣམས་ལས་རུ་དཔོན་གཅིག་གི་ངོ་ཟློག་པར་ནུས་པ་ཞིག་ཁྱོད་ལ་ཨེ་ཡོད། ད་དུང་ཡང་ཁྱོད་ཀྱིས་ཤིང་རྟ་དང་རྟ་པའི་དོན་དུ་མི་སེར་ལ་བློ་གཏད་བྱེད་དམ། ༡༠ ད་རེས་བདག་ལ་ཡ་ཧོ་ཝཱའི་དགོངས་པ་མེད་པར་ཡུལ་ཁམས་འདི་འཇོམས་ཕྱིར་དམག་འདྲེན་ནམ། ཡ་ཧོ་ཝཱས་བདག་ལ། ཡུལ་འདི་ལ་དམག་དྲོངས་ལ་འཇོམས་པར་བྱོས་ཤིག་ཅེས་བསྒོ་བ་ཡིན་ཞེས་སྨྲས་སོ༎
༡༡ དེ་ནས་ཨེལ་ཡཱ་ཀིམ་དང་ཤེབ་ནཱ་དང་ཡོ་ཨ་གསུམ་པོས་རབ་ཤཱ་ཀེ་ལ། ངེད་ཀྱིས་ཨ་རམ་སྐད་གོ་བས། ཁྱེད་ཀྱི་བྲན་པོ་ཚོ་དང་སྐད་དེའི་ནང་དུ་གསུང་གླེང་མཛོད་དང་། ལྕགས་རིའི་ཁར་ཡོད་པའི་མི་རྣམས་ཀྱི་ཐོས་སར། ཡ་ཧུ་དཱའི་སྐད་དུ་ངེད་དང་གསུང་གླེང་མ་མཛད་ཅིག་ཅེས་ཞུས་པ་ལས། ༡༢ རབ་ཤཱ་ཀེས། ངའི་ཇོ་བོས། ཁྱོད་ཀྱི་ཇོ་བོའམ། ཁྱོད་ཀྱི་རྩར་གཏམ་བྱེད་དུ་ང་མངགས་པ་ཡིན་ནམ། ཁོང་གིས་ལྕགས་རིའི་ཁར་ཡོད་པ་དག་ཁྱོད་དང་མཉམ་དུ་རང་གི་རྐྱག་པ་ཟ་བ་དང་རང་གི་གཅིན་འཐུང་མཁན་དག་གི་ཕྱིར་མ་མངགས་སམ། ཞེས་སྨྲས་ཏེ།
༡༣ རབ་ཤཱ་ཀེ་ཡར་ལངས་ནས། ཡ་ཧུ་དཱ་སྐད་དུ་སྐད་ཆེན་པོ་བརྒྱབས་ཏེ་འདི་སྐད་དུ། ཁྱོད་ཅག་གིས་རྒྱལ་པོ་ཆེན་པོ་ཨ་སུར་རྒྱལ་པོའི་བཀའ་ལ་ཉོན་ཞིག ༡༤ རྒྱལ་པོས་འདི་སྐད་གསུང་། ཧིས་ཀི་ཡཱས་ཁྱོད་ཅག་གི་མགོ་སླུ་བར་མ་ཆུག་ཅིག གང་ལ་ཞེ་ན། ཁོས་ཁྱོད་ཅག་སྐྱོབ་པར་མི་ནུས་སོ། ༡༥ ཡ་ཧོ་ཝཱས་ངེད་ཅག་སྐྱོབ་པར་ངེས་ཏེ། གྲོང་ཁྱེར་འདི་ཨ་སུར་རྒྱལ་པོའི་ལག་ཏུ་གཏོད་པར་མི་འགྱུར་རོ་སྨྲ་ཞིང་། ཁྱོད་ཅག་ཡ་ཧོ་ཝཱ་ལ་བློ་གཏད་བཅུག་པའི་ཧིས་ཀི་ཡཱ་ལ་མ་ཉན་ཞིག ༡༦ ཧིས་ཀི་ཡཱ་ལ་མ་ཉན་ཞིག དེ་ཅིའི་ཕྱིར་ཞེ་ན། ཨ་སུར་རྒྱལ་པོས་འདི་སྐད་གསུང་། བདག་འོངས་ནས་ཁྱོད་ཅག་རང་གི་ཡུལ་ལྟ་བུ་ཡོད་པ་ཞིག་དང་། འབྲུ་དང་རྒུན་ཆང་གི་ས་དང་། བག་ལེབ་དང་རྒུན་ཚལ་གྱི་ཡུལ་ལགས་པར་ཁྱོད་ཅག་མ་འཁྱེར་བའི་གོང་དུ། ༡༧ བདག་ལ་ཞུ་རྟེན་འབུལ་ཞིང་ཁ་ཆད་བྱེད་དུ་ཐོན་ནས། ངའི་དྲུང་དུ་ཤོག་ཅིག་དང་། རེ་རང་གི་རྒུན་ཤིང་དང་སེ་ཡབ་ཤིང་གི་འབྲས་བུ་ལས་ཟ་ཞིང་། རེ་རང་གི་ཁྲོན་པའི་ཆུ་འཐུང་ཞིག ༡༨ ཡ་ཧོ་ཝཱས་ངེད་སྐྱོབ་པར་འགྱུར་ཟེར་བའི་ཧིས་ཀི་ཡཱས་ཁྱོད་ཅག་མི་སླུ་བའི་ཕྱིར་དོགས་ཟོན་གྱིས་ཤིག མི་སྡེ་རྣམས་ཀྱི་ལྷའི་ནང་ནས་སུས་ཀྱང་རང་གི་ཡུལ་ཨ་སུར་རྒྱལ་པོའི་ཕྱག་ནས་བསྒྲལ་ཏམ། ༡༩ ཧ་མད་དང་ཨར་ཕད་ཀྱི་ལྷ་རྣམས་གར་ཡོད། སེ་ཕར་ཝཱ་ཨིམ་གྱི་ལྷ་རྣམས་གར་ཡོད། ས་མར་ཡཱ་ངའི་ལག་པ་ལས་དེ་དག་གིས་བསྒྲལ་བར་བྱས་སམ། ༢༠ ཡུལ་འདི་ཐམས་ཅད་ཀྱི་ལྷ་རྣམས་ཀྱི་ཁྲོད་ལས་སུས་རང་ཡུལ་སྐྱོབ་པར་བྱས། ཡ་ཧོ་ཝཱས་ཀྱང་ངའི་ལག་པ་ལས་ཡེ་རུ་ཤ་ལེམ་ཇི་ལྟར་སྐྱོབ་པར་བྱ། ཞེས་སྨྲས་ཀྱིས། ༢༡ དེ་དག་ཁ་རོག་ཅིང་གཏམ་ལན་དུ་ཚིག་གཅིག་ཀྱང་མ་སྨྲས་སོ། གང་ལ་ཞེ་ན། དེ་ལ་ལན་མ་འདེབས་ཤིག་ཅེས་རྒྱལ་པོའི་བཀའ་ཡོད་པ་ཡིན།
༢༢ དེ་ནས་ཧིལ་ཀི་ཡཱའི་བུ་ཨེལ་ཡཱ་ཀིམ་བྱ་བའི་གཟིམས་དཔོན་དང་། དྲུང་ཡིག་ཤེབ་ནཱ་དང་། ཨ་སབ་ཀྱི་བུ་ཡོ་ཨ་འབྱུང་རབས་འབྲི་མཁན་གསུམ་པོ་ཧིས་ཀི་ཡཱའི་དྲུང་དུ་ཕྱིན་ནས། རང་གི་ལུས་གོས་བཤགས་ནས་ཡོད་བཞིན་དུ། རབ་ཤཱ་ཀེའི་གཏམ་སྙད་པར་བྱས་སོ༎