༣༥
འབྲོག་སྟོང་དང་དབེན་ས་དགའ་བར་གྱུར་ཏེ། ཐང་སྟོང་ནི་ཡི་རངས་ཤིང་། སེ་བའི་མེ་ཏོག་ལྟར་འབར་བར་འགྱུར།  དེ་ལ་མེ་ཏོག་མང་དུ་ཆགས་ཏེ། དགའ་མགུ་ཞིང་གླུ་ལེན་ཞིང་སྐྱིད་པར་འགྱུར། ལི་བ་ནོན་གྱི་དཔལ་དང་། ཀར་མེལ་དང་ཤཱ་རོན་གྱི་ཟིལ་ཡང་དེ་ལ་བཏང་བ་དང་། དེ་དག་གིས་ཡ་ཧོ་ཝཱའི་གཟི་བརྗིད་དང་། ངེད་ཀྱི་དཀོན་མཆོག་གི་དཔལ་མཐོང་བར་འགྱུར་རོ།  ལག་ཤེད་མེད་པ་རྣམས་ལ་ཤེད་ཆུག་ཅིག པུས་མོ་འདར་བ་རྣམས་བརྟན་པར་བྱོས་ཤིག  སྙིང་ཙབ་ཙོབ་ཡོད་པ་རྣམས་ལ། སྙིང་སྟོབས་སྐྱེད་ཅིག མ་འཇིགས་ཤིག་ཅེས་སྦྲོན་ཞིག ཀྱེ་ཧོ། ཁྱོད་ཀྱི་དཀོན་མཆོག་གིས་དུགས་ལན་དང་། དཀོན་མཆོག་གི་རྔན་པ་དང་བཅས་བྱོན་ཏེ། ཁོང་ཉིད་ཕེབས་ནས་ཁྱོད་སྐྱོབ་པར་བྱའོ༎
 དེའི་ཚེ་ལོང་བའི་མིག་ཕྱེས་ཏེ། འོན་པའི་རྣ་བ་འབྱེད་པར་འགྱུར།  དེ་ནས་མི་ཞ་བོ་ཤ་བ་འདྲར་མཆོང་ཞིང་། ལྐུགས་པའི་ལྕེས་གླུ་ལེན་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། འབྲོག་སྟོང་ནང་ན་ཆུ་རྣམས་དང་། ཐང་སྟོང་གི་ནང་ན་གཙང་པོ་རྣམས་རྡོལ་བར་འགྱུར།  ས་ཆ་སྐམ་པོ་ནི་རྫིང་དང་། སྐོམ་པའི་གནས་སུ་ཆུ་མིག་རྡོལ་བར་འགྱུར། སྤྱང་ཀི་ཉལ་བའི་གནས་ནི་འདམ་བུ་དང་རྩྭའི་ཤོངས་སུ་འགྱུར་བར་འགྱུར།  ཡང་དེར་ལམ་དང་རྒྱ་ལམ་ཞིག་འབྱུང་བར་འགྱུར། དེ་ལ་གཤེགས་ལམ་དམ་པ་ཞེས་གདགས་སོ། མི་གཙང་བའི་མི་དེར་འགྲུལ་བར་མི་བྱའི། ཁོང་ནི་དེ་རྣམས་ཀྱི་དོན་དུ་དེར་གཤེགས་པར་འགྱུར། བྱེས་པ་མགོ་རྨོངས་པ་ཡང་དེར་ལམ་ནོར་བར་མི་འགྱུར་རོ།  དེར་སེང་གེ་གང་ཡང་མི་འབྱུང་ཞིང་། གཅན་གཟན་གདུག་པ་ཅན་གང་ཡང་མི་འཛེགས་པས། དེ་ལྟ་བུ་དེར་རྙེད་པར་མི་འགྱུར་གྱི། ཐར་བར་གྱུར་པ་དག་དེར་འགྲོ་བར་བྱའོ། ༡༠ ཡ་ཧོ་ཝཱས་བླུས་པ་དག་དེའི་ཁར་ལོག་འོང་ཞིང་། གླུ་ལེན་གྱིན་ཙི་ཨོན་དུ་འོང་བར་འགྱུར། དེ་དག་གི་མགོ་ནི་མཐའ་མེད་པའི་བདེ་བ་དང་ལྡན་ཞིང་། བདེ་བ་དང་དགའ་བ་བརྙེས་པས། སྡུག་བསྔལ་དང་སྙིང་ཤུགས་ནི་འབྲོས་པར་འགྱུར་རོ༎