༣༤
ཀྱེ་མི་རིགས་རྣམས། ཉེ་བར་ཤོག་ལ་ཞོན་ཞིག ཀྱེ་མི་རྣམས། རྣ་བ་ཐུད་ཅིག ས་དང་དེའི་ནང་ན་ཡོད་པ་ཀུན་དང་། འཇིག་རྟེན་དང་དེའི་ནང་ནས་འབྱུང་བ་ཡོད་དོ་ཅོག་གིས་ཚུར་ལ་ཉོན་ཅིག  གང་ལ་ཞེ་ན། མི་བརྒྱུད་ཀུན་གྱི་ཐོག་ཏུ་ཡ་ཧོ་ཝཱའི་ཐུགས་ཁྲོ་དང་། དམག་མི་ཡོངས་ཀྱི་ཐོག་ཏུ་ཁོང་གི་ཁྲོ་གཏུམ་གདའ་བས། ཁོང་གིས་དེ་རྣམས་རྩ་ནས་མེད་པ་མཛད་དེ། གཤེད་མའི་ལག་ཏུ་བཏད་ནས།  དེ་དག་གི་རོ་རྣམས་དབྱུག་ཅིང་། དེ་ལས་དྲི་ངན་ལྡང་ཞིང་། ཁྲག་གིས་རི་བོ་རྣམས་འཇུ་བར་འགྱུར།  ཡང་ནམ་མཁའི་དཔུང་ཚོགས་ཐམས་ཅད་བཞུས་ཏེ། ཤོག་སྒྲིལ་བཞིན་དུ་ནམ་མཁའ་རྣམས་སྒྲིལ་བར་འགྱུར་བ་དང་། རྒུན་ཤིང་ལས་ལོ་མ་འབུད་པའམ། སེ་ཡབ་ཤིང་གི་ལོ་མ་རྙིད་པོ་འབྲུལ་བ་ལྟར་དེ་དག་གི་དཔུང་ཚོགས་ཐམས་ཅད་ལྟུང་བར་འགྱུར་རོ༎
 དེ་ཅིའི་ཕྱིར་ཞེ་ན། ནམ་མཁའི་ནང་དུ་བདག་གི་རལ་གྲི་བཟི་བར་བྱས་པས་ན། ཀྱེ་ཧོ། དེ་ནི་ཨེ་དོམ་ཡུལ་དང་། ངས་གླུད་དུ་བྱས་པའི་མི་རྣམས་ཀྱི་ཞལ་ཆེ་གཅོད་དུ་འབབ་པར་འགྱུར་བའི་ཕྱིར་རོ།  ཡ་ཧོ་ཝཱའི་གནམ་རལ་དེ་ཁྲག་གིས་ཚོས་ཏེ། ཚིལ་དང་ལུ་གུ་དང་ར་མའི་ཁྲག་དང་ལུག་ཐུག་གི་མཁལ་ཚིལ་གྱིས་སྣུམ་འཛིར་འཛིར་བྱས་སོ། ཅི་ལ་ཞེ་ན། ཡ་ཧོ་ཝཱ་ལ་བོས་རཱའི་ནང་དུ་དམར་མཆོད་ཅིག་དང་། ཨེ་དོམ་གྱི་ཡུལ་ནང་དུ་གསོད་གཅོད་ཆེན་པོ་ཞིག་མཛད་དགོས་ཡོད་དེ།  དེ་དག་དང་ལྷན་ཅིག་ཏུ་འབྲོང་དང་། ཕ་གླང་དང་། གླང་ཡང་ལྟུང་བར་འགྱུར་ཏེ། དེའི་ཡུལ་ཁམས་ནི་ཁྲག་གིས་ཚོས་ཏེ། དེའི་ཐལ་བ་ནི་ཚིལ་གྱིས་སྣུམ་འཛིར་འཛིར་འགྲོ་བར་འགྱུར།  དེ་ཅིའི་ཕྱིར་ཞེ་ན། འདི་ནི་ཡ་ཧོ་ཝཱས་ལན་བཞེས་པའི་ཞག་དང་། ཙི་ཨོན་ལ་གཤགས་ཐོབ་པའི་དོན་དུ་དུགས་ལན་བཞེས་པའི་ལོ་ཡིན་པའི་ཕྱིར་རོ༎
 དེ་ནས་དེའི་གཙང་པོ་རྣམས་བྲག་ཞུན་དང་། ཐལ་བ་ནི་མུ་ཟི་རུ་འགྱུར་ཏེ། ས་གཞི་ནི་མེ་འབར་བའི་བྲག་ཞུན་དུ་འགྱུར་ཞིང་། ༡༠ ཉིན་མཚན་གཉིས་པོར་དེའི་མེ་མ་ཤི་བར། དུས་རྒྱུན་དུ་དེ་ནས་དུ་བ་འཕྱུར་བར་འགྱུར་ཞིང་། མི་རབས་ནས་མི་རབས་སུ་སྟོངས་ནས། དུས་རྒྱུན་ནས་རྒྱུན་དུ་དེར་གང་ཡང་འགྲོ་བར་མི་འགྱུར་རོ། ༡༡ འོན་ཆུ་སྐྱར་དང་ཆུ་སྐྱུར་གྱིས་དེ་བདག་ཏུ་བཟུང་ཏེ། འུག་པ་དང་ཕོ་རོག་གནས་ཤིང་། དེའི་ཐོག་ཏུ་སྟོངས་པའི་ཐིག་སྐུད་དང་། སྟོང་པར་འགྱུར་བའི་གཏིང་རྡོ་འབེབས་པར་འགྱུར། ༡༢ དེ་དག་གིས་སྲིད་བྱེད་དུ་སྐུ་དྲག་ལ་འབོད་ཀྱང་། དེར་གང་ཡང་མེད། དེའི་རྒྱལ་རིགས་རྣམས་ཅང་མིན་དུ་འགྱུར་བར་འགྱུར་བ་དང་། ༡༣ དེའི་ཕོ་བྲང་དག་གི་ནང་ན་ཚེར་མ་དང་། རྫོང་རྣམས་ཀྱི་ནང་ན་ལྗང་ཚེར་དཀར་སྐྱེས་ཏེ། སྤྱང་ཀིའི་ཚང་དང་བྱ་རྔ་མོང་གི་སྡོད་གནས་སུ་འགྱུར། ༡༤ དེར་རིའི་བྱི་ལ་དང་སྤྱང་ཀི་ཕན་ཚུན་འཕྲད་ཅིང་། ར་རྒོད་ཀྱིས་རང་གི་གྲོགས་པོ་ལ་འབོད་ཅིང་། འབྱུང་པོའི་བྱ་འབའ་ཞིག་དེར་ངལ་གསོ་ཞིང་། དེ་རང་སྐྱིད་པའི་གནས་སུ་འཛིན་པར་འགྱུར། ༡༥ འུག་ཆེན་གྱིས་དེར་ཚང་བྱས་ཏེ་སྒོ་ང་བཞག་ཅིང་འབུབས་ནས་རང་གི་གྲིབ་མའི་འོག་ན་སྡུད་པར་བྱ། བྱ་རྒོད་རྣམས་ཀྱང་རང་གི་ཕོ་དང་བཅས་དེར་འཚོགས་པར་འགྱུར་རོ༎
༡༦ ཁྱོད་ཀྱིས་ཡ་ཧོ་ཝཱའི་གླེགས་བམ་གྱི་ནང་ན་ཚོལ་ཞིག་ཀློག་ཅིག འདི་རྣམས་ཀྱི་ནང་ནས་གཅིག་ཀྱང་འཕྲི་བར་མི་འགྱུར་བས། གང་ལ་ཡང་རང་གི་ཟུང་འཚོལ་དགོས་མི་འབྱུང་། དེ་ཅིའི་ཕྱིར་ཞེ་ན། ཁོང་ཞལ་གྱིས་བཀའ་གནང་སྟེ། ཁོང་གི་ཐུགས་ཉིད་ནི་དེ་དག་སྡུད་མཁན་ལགས་པའི་ཕྱིར་རོ། ༡༧ ཡང་ཁོང་གིས་དེ་དག་ལ་རྟགས་རིལ་བརྒྱབ་སྟེ། ཉིད་ཀྱི་ཕྱག་གིས་དེ་ལ་ཐིག་སྐུད་བརྒྱབས་ནས། དེ་རྣམས་ཀྱི་ནང་དུ་བགོ་བཤའ་མཛད་པས། དེ་དག་གིས་དུས་གཏན་དུ་དེ་ལ་དབང་ཞིང་། མི་རབས་ནས་མི་རབས་སུ་དེར་གནས་པར་འགྱུར་རོ༎