༣༣
མ་བཤིག་པར་ཡོད་བཞིན་དུ་འཇིག་པར་བྱེད་ཅིང་། སུས་ཀྱང་ཁྱོད་ལ་ལོག་པར་མ་བྱས་པར་ལོག་པར་སྤྱོད་པ་ཁྱོད་ལ་བཀྲ་མི་ཤིས། ཁྱོད་ཀྱིས་བཤིག་ཚར་བའི་ཚེ་ན། ཁྱོད་ཀྱང་འཇིག་པར་བྱ། ཁྱོད་ཀྱིས་ལོག་པར་བྱས་འཚར་བའི་ཚེ་ན། ཁྱོད་ལ་ཡང་ལོག་པར་བྱེད་པར་འགྱུར།
 ངེད་ཅག་ཁྱེད་ཀྱི་དོན་དུ་བསྒུགས་པས། ཀྱེ་ཡ་ཧོ་ཝཱ། ངེད་ལ་ཐུགས་རྗེ་གཟིགས་སུ་གསོལ། ནང་མོ་རེ་བཞིན་དུ་ཁྱེད་དེ་དག་གི་ཕྲག་པ་དང་། སྡུག་བསྔལ་གྱི་དུས་སུ་ངེད་ཅག་གི་ཐར་པར་འགྱུར་བར་ཤོག  ཡོ་ལངས་ཀྱི་སྒྲ་ཐོས་མ་ཐག་ཏུ་མི་རྣམས་བྲོས། ཁྱེད་ཀེར་བཞེངས་མ་ཐག་ཏུ་མི་སྡེ་རྣམས་ཁྲེ་ཟིང་སོང་།  ཡང་ཁྱོད་ལས་བཅོམ་པའི་ནོར་ནི་འབུ་སྡུད་པ་ལྟར་བསྡུས་ཏེ། ཆ་ག་འབུའི་མཆོང་ལུགས་བཞིན་དུ་དེའི་ཐོག་ཏུ་མཆོང་བར་འགྱུར།  ཡ་ཧོ་ཝཱ་འཕགས་པར་བཞུགས་པས། བླ་ན་མེད་པའོ། ཁོང་གིས་ཁྲིམས་དྲང་པོ་དང་དྲང་བ་ཉིད་ཀྱིས་ཙི་ཨོན་འགེངས་པར་མཛད་དོ།  ཡང་ཁྱོད་ཀྱི་དུས་ལ་སྲད་ཆགས་ཤིང་། ཐར་པ་དང་ཡེ་ཤེས་དང་བློ་གྲོས་ཀྱིས་རྒྱས་པར་འགྱུར། ཡ་ཧོ་ཝཱ་ལ་འཇིགས་པ་ནི་ཁོའི་གཏེར་མཛོད་དོ༎
 ལྟོས་ཤིག འདི་དག་གི་དཔའ་བོ་ཐམས་ཅད་ཀྱིས་ཕྱི་རོལ་ན་འོ་དོད་གཏོང་བར་བྱེད། བཟང་མཚམས་ཀྱི་ཕོ་ཉ་རྣམས་དྲག་ཏུ་ངུ་།  འགྲུལ་མི་མེད་པས་རྒྱ་ལམ་རྣམས་སྟོང་པར་འདུག དེས་ཞལ་ཆད་བཅག་སྟེ། གྲོང་ཁྱེར་རྣམས་ཁྱད་དུ་སད་དེ། མི་ལ་མི་མ་རྩིས།  ས་ཡིས་མྱ་ངན་བྱེད་ཅིང་རྙིད། ལི་བ་ནོན་སྐྱེངས་ཤིང་སྐེམ། ཤཱ་རོན་ནི་འབྲོག་སྟོང་དང་འདྲ་སྟེ། བཱ་ཤན་དང་ཀར་མེལ་གྱི་ལོ་འདབ་ནི་ཡོལ་ལོ། ༡༠ ཡ་ཧོ་ཝཱས་འདི་སྐད་དུ། ད་ང་བཞེངས་ཤིང་། ད་ལྟ་ང་གཟེངས་སྟོད་པར་འགྱུར། ད་ལྟ་ང་འཕགས་པར་བྱའོ། ༡༡ ཁྱོད་ཀྱི་མངལ་དུ་སྦུར་མ་ཆགས་ཏེ། སོག་མ་བཙའ་བར་འགྱུར། ཁྱོད་ཀྱི་དབུགས་ནི་ཁྱོད་སྲེག་པའི་མེའོ། ༡༢ ཡང་མི་བརྒྱུད་རྣམས་སྲེག་པའི་རྡོ་ཞོ་ལྟ་བུ་དང་། བཅད་ཡོད་པའི་ཚེར་མ་ལྟར་མེར་སྦར་བར་འགྱུར་རོ། ༡༣ ཁྱོད་ཐག་རིང་པོར་ཡོད་པ་རྣམས་ཀྱིས་བདག་གིས་ཅི་དང་ཅི་བྱས་པ་ལ་ཉོན་ཞིག ཁྱོད་ཉེ་བར་ཡོད་པ་རྣམས་ཀྱིས་བདག་གི་མཐུ་སྟོབས་ཤོད་ཅིག
༡༤ ཙི་ཨོན་ལ་ཡོད་པའི་སྡིག་ཅན་རྣམས་འཇིགས་ཏེ། སྡིག་སྤྱོད་རྣམས་འདར་ཡམ་གྱིས་འཐོམ་པར་བྱས། ཟ་བའི་མེ་དེའི་ནང་ན་ངེད་ཅག་གི་ཁྲོད་ལས་སུ་སྡོད་པར་ནུས། དུས་གཏན་གྱི་མེ་ལྕེའི་ནང་དུ་ངེད་ཅག་གི་ཁྲོད་ལས་སུ་སྡོད་པར་ནུས། ༡༥ གང་གིས་དྲང་པོར་སྤྱོད་ཅིང་བདེན་ཚིག་སྨྲ་ཞིང་། དབང་ཡོད་བྱེད་པའི་སྐྱེད་ལ་ཁྱད་དུ་སོད་དེ། ཕག་སུག་ལས་ལག་པ་སྤྲུག་ཅིང་། མི་གསོད་པའི་གཏམ་མི་ཐོས་པའི་ཕྱིར་རང་གི་རྣ་བ་འགེགས་པར་བྱེད་ཅིང་། ལས་ངན་པ་མི་མཐོང་བའི་ཕྱིར་རང་གི་མིག་འཛུམ་པར་བྱེད་པ་དེ་ནི། ༡༦ མཐོ་སར་འཁོད་དེ་བྲག་གི་རི་རྣམས་ནི་དེའི་སྐྱབས་གནས་སུ་འགྱུར་ཞིང་། དེ་ལ་བག་ལེབ་སྟེར་ཞིང་ཆུ་ཡང་ཐོབ་པར་ངེས་སོ༎
༡༧ ཁྱོད་ཀྱི་མིག་གིས་རྒྱལ་པོའི་མཛེས་སྐུ་མཇལ་བར་འགྱུར། དེ་དག་གིས་ཤིན་ཏུ་རྒྱང་རིང་པོར་ཡོད་པའི་ཡུལ་ལ་ཡང་ལྟ་བར་འགྱུར། ༡༨ ཁྱོད་ཀྱི་སྙིང་གིས་འཇིགས་སྐྲག་དེ་ལ་བསམ་མནོ་གཏང་། རྩི་མཁན་དེ་ག་ན་ཡོད། སྲང་ལ་ཁྲལ་གཞལ་མཁན་དེ་ག་ན་ཡོད། སྤིའུ་རྩི་མཁན་དེ་ག་ན་ཡོད། ༡༩ མི་བརྒྱུད་སྐད་གྱོང་བས་ཁྱོད་ཀྱིས་གོ་བར་མི་ནུས་ཤིང་། ཁྱོད་ཀྱིས་ཧ་མ་གོ་བའི་ཁ་དིག་པའི་མི་ཚོགས་དྲག་པོ་དེ་སླར་ཁྱོད་ཀྱིས་མཐོང་བར་མི་འགྱུར་རོ༎
༢༠ ངེད་ཀྱི་དུས་ཆེན་གྱི་ཚོགས་ར་ཙི་ཨོན་ལ་གཟིགས་ཤིག ཁྱེད་ཀྱི་སྤྱན་གྱིས། ཞི་བདེའི་གནས། མི་སྤོ་བའི་གུར་མཆོག་ཡེ་རུ་ཤ་ལེམ་ལ་གཟིགས་པར་འགྱུར། དེའི་ཕུར་ཆ་རྣམས་འབོགས་པར་མི་འགྱུར། ཆོམ་ཐག་གི་ནང་ནས་གཅིག་ཅིག་ཀྱང་གཅོད་པར་མི་འགྱུར་རོ། ༢༡ འོན་ཀྱང་གཙང་པོ་དང་ཆུ་ཆེན་པོ་རྣམས་ཀྱི་གནས་དང་འདྲ་བར། དཔལ་ལྡན་གྱི་ཡ་ཧོ་ཝཱ་ནི་ངེད་ཀྱི་ཕྱིར་འགྱུར་འོང་། དེར་གྲུ་སྐྱ་དང་ལྡན་པའི་གྲུ་མི་འགྲོ། གཟིངས་གཟིག་པོ་རྣམས་ཀྱང་དེར་རྒྱུ་བར་མི་བྱའོ། ༢༢ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱ་ནི་ངེད་ཅག་གི་ཁྲིམས་དཔོན་དང་། ཡ་ཧོ་ཝཱ་ནི་ངེད་ལ་བཀའ་ཁྲིམས་གནང་མཁན་དང་། ཡ་ཧོ་ཝཱ་ནི་ངེད་ཀྱི་རྒྱལ་པོ་ལགས་པས། ཁོང་གིས་ངེད་སྐྱོབ་པར་འགྱུར། ༢༣ ཁྱོད་ཀྱི་ཐག་པ་ལྷོད་ནས་འདུག མིས་དར་ཤིང་གི་རྐང་བརྟན་པོ་བྱེད་མི་ནུས་ཏེ། གཡོར་ཡོལ་ཡང་འཕྱར་བར་མ་ནུས་པས། བཅོམ་ནོར་ཆེན་པོའི་བཅོམ་ནོར་བགོས་པ་དང་། ཞ་བོས་ཀྱང་བཅོམ་ནོར་བླངས་སོ། ༢༤ ཡུལ་དེའི་མིས་ང་ན་ང་ཚ་སྨྲ་བར་མི་འགྱུར། དེར་གནས་པའི་མི་རྣམས་ཀྱི་ཉེས་ལྟུང་སེལ་བར་འགྱུར་རོ༎