༣༠
སྡིག་པའི་ཁར་སྡིག་པ་སྣོན་པའི་དོན་དུ། ང་ལ་མ་འདྲི་བར་གྲོས་བྱེད་ཅིང་། ངའི་ཐུགས་དགོངས་མིན་པའི་ཁེབས་ཀྱིས་ཁེབ་པའི་ངོ་ལོག་པའི་བུ་རྣམས་ལ་བཀྲ་མི་ཤིས། ༢ ཕར་ཨོའི་སྐྱབས་སུ་འབྲོས་ཤིང་། མི་སེར་པའི་གྲིབ་བསིལ་ལ་བློ་གཏོད་དུ་མི་སེར་ལ་འབབ་ཏུ་འཐེགས་ཀྱང་། ངའི་ཞལ་ལས་མ་དྲིས་པས་ན། ༣ ཕར་ཨོའི་ར་མདའ་ནི་ཁྱོད་ངོ་ཚ་བ་དང་། མི་སེར་གྱི་གྲིབ་བསིལ་ནི་ཁྱོད་སེམས་འཕམ་པའི་རྒྱུར་འགྱུར་བར་འགྱུར། ༤ དེའང་དེའི་དཔོན་པོ་དག་ཚོ་ཨན་ན་ཡོད་ཅིང་། དེའི་ཕོ་ཉ་རྣམས་ནི་ཧ་ནེས་ལ་བསླེབས། ༥ ཕན་ཅིའང་མ་ཐོགས་པའི་མི་བརྒྱུད་ཅིག་གིས་རྐྱེན་ཏེ། འདི་དག་ངོ་ཚ་བར་གྱུར་ཏེ། དེ་དག་ལས་རོགས་དང་ཁེ་མི་འབྱུང་གིས། ངོ་ཚ་བ་དང་སྐུར་པའི་རྒྱུར་འགྱུར་བར་འགྱུར་རོ༎༦ ལྷོ་ཕྱོགས་ཀྱི་སྒལ་ཕྱུགས་ཀྱི་ལུང་བསྟན་ནི། སེང་གེ་མོ་དང་སེང་གེ་དང་སྦྲུལ་དང་འཕུར་བའི་མེའི་འབྲུག་འབྱུང་བའི་སྡུག་བསྔལ་དང་ཟུག་གཟེར་གྱི་ཡུལ་རྒྱུད་ནས། རང་གི་རྒྱུ་ནོར་བོང་བུའི་སྒལ་ཚིགས་ཀྱི་ཐོག་ཏུ་དང་། རྔ་མོང་གི་རྒྱབ་སྒར་བཟང་ནོར་བཀལ་ནས། དེ་དག་ལ་ཕན་ཅིའང་མི་གདགས་པའི་མི་བརྒྱུད་ཀྱི་དྲུང་དུ་འཁྱེར་རོ། ༧ དེ་ཅིའི་ཕྱིར་ཞེ་ན། མི་སེར་པས་བྱེད་པའི་ར་མདའ་ནི་དོན་མེད་དང་ཕན་མེད་པའོ། དེའི་ཕྱིར་དུ་ངས་དེ་ལ། ར་ཧབ་སྙོམས་ལས་ཅན་ཞེས་བཏགས་པ་ཡིན།
༨ ད་སོང་ལ། ཕྱི་མའི་དུས་དང་རྟག་ཏུ་དཔང་པོར་ལུས་པའི་དོན་དུ། མི་རྣམས་ཀྱི་མདུན་དུ་སམ་ཏ་ལ་བྲིས་ཏེ། གླེགས་བམ་གྱི་ནང་དུ་ཡི་གེར་ཁོད་ཅིག ༩ གང་ལ་ཞེ་ན། འདི་ངོ་ལོག་བྱེད་པའི་འབངས་དང་། རྫུན་ཅན་གྱི་བུ། ཡ་ཧོ་ཝཱའི་བཀའ་རྒྱ་ལ་མི་ཉན་པའི་བུ་རྣམས་ཏེ། ༡༠ གང་དག་གིས་མངོན་བཤེས་པ་དག་ལ། མངོན་མཁྱེན་མ་ཐོང་ཞིག་ཟེར། ལུང་སྟོན་པར། ངེད་ཅག་ལ་ལུང་བསྟན་དྲང་པོ་མ་སྟོན་ཞིག ཚིག་འཇམ་པ་དང་། ལོག་པར་གྱི་ལུང་སྟོན་པར་བྱོས་དང་། ༡༡ ལམ་ལས་ནུར་ཞིག ལམ་ལས་བྱོལ་ཞིག ཨིས་ར་ཨེལ་གྱི་དམ་པ་ཉིད་ངེད་ཀྱི་དཀྱིལ་ལས་མེད་པར་བྱོས་ཤིག་ཅེས་ཟེར་བས་ན། ༡༢ ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱིས་འདི་སྐད་དུ། ཁྱོད་ཀྱིས་གསུང་འདི་ལ་སྨད་ཅིང་། དབང་ཡོད་དང་གཡོ་སྒྱུ་ཅན་ལ་བློ་གཏད་ནས། དེའི་ཁར་བསྡད་པའི་ཕྱིར་དུ། ༡༣ འགྱེལ་ཆོག་ཡོད་པའི་རྩིག་པ་གས་པོ་མཐོ་ལ་འབོག་འབོག་ཐོན་ཡོད་པ། བློ་བུར་དུ་ཡུད་གཅིག་ནང་ལོག་པ་དང་འདྲ་བར་འགྱུར་འོང་། ༡༤ ཁོང་གིས་དེ་འཕངས་མེད་སིལ་བུར་གཅོག་ཅིང་རྫ་མཁན་གྱི་ཁོག་མ་གཅོག་པ་ལྟར་དུ་བཅག་སྟེ། དེའི་དུམ་བུའི་ནང་ནས་ཐབ་ཀྱི་ནང་ནས་མེ་ལེན་པའམ། ཆུ་དོང་ནས་ཆུ་འཆུ་བའི་ཕྱིར་དུའང་ཚལ་ལུ་ཞིག་ལུས་པར་མི་འགྱུར།
༡༥ དེའང་ཨིས་ར་ཨེལ་གྱི་དམ་པ་ཉིད་ལགས་པའི་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ཚུར་ལོག་པ་དང་སེམས་ལྷོད་པའི་ནང་ན་ཁྱོད་ཀྱི་བདེ་བ་དང་། ཁ་རོག་སྡོད་པ་དང་གདེང་ཚད་ཀྱི་ནང་ན་ཁྱོད་ཀྱི་མཐུ་སྟོབས་ཡོད། དེ་ལ་ཁྱོད་མ་དགའོ། ༡༦ དེ་མ་ཟད་ཁྱོད་ཀྱིས་དེ་བཞིན་དུ་མ་ལགས་ཏེ། ངེད་རྟ་ལ་ཞོན་ནས་འབྲོས་པར་བྱའོ། སྨྲས་པས། འབྲོས་པར་འགྱུར། ངེད་བང་ཆེ་བའི་ཁར་ཞོན་པར་བྱའོ་བྱས་པས། ཁྱོད་དེད་མཁན་དེ་བང་ཆེ་བར་འགྱུར། ༡༧ མི་གཅིག་གི་བསྡམ་བཞག་གིས་སྟོང་ཕྲག་གཅིག་འབྲོས་པར་འགྱུར། མི་ལྔའི་བསྡམ་བཞག་གིས་ཁྱོད་ནི་རི་རྩེའི་དར་ཤིང་ལྟ་བུ་དང་། རིའི་དར་ལྕོག་ལྟར་འགྱུར་བའི་བར་དུ་འབྲོས་པར་བྱའོ། ༡༨ དེ་ནས་ཀྱང་ཁྱོད་ལ་ཐུགས་རྗེ་གཟིགས་སུ་ཡ་ཧོ་ཝཱ་སྒུག་ཅིང་། ཁྱོད་ལ་ཐུགས་བརྩེར་དགོངས་སུ་བཞེངས་པར་འགྱུར་རོ། གང་ལ་ཞེ་ན། ཡ་ཧོ་ཝཱ་ནི་ཁྲིམས་དྲང་པོའི་དཀོན་མཆོག་ལགས་པས། ཁོང་ལ་སྒུག་པ་ཐམས་ཅད་བདེའོ༎
༡༩ ཀྱེ་ཙི་ཨོན་པ་རྣམས། ཡེ་རུ་ཤ་ལེམ་ན་གནས་ཤིང་། ཁྱོད་རྒྱུན་དུ་ངུ་བར་མི་འགྱུར། ཁྱོད་ཀྱི་འབོད་པ་ལ་ཁོང་གིས་ངེས་པར་གསན་ཏེ། ཐུགས་རྗེས་གཟིགས་ཤིང་། གསན་མཚམས་སུ་བཀའ་ལན་གནང་བར་བྱའོ། ༢༠ ཡང་ཡ་ཧོ་ཝཱས་ཁྱོད་ལ་སྡུག་བསྔལ་གྱི་ཁ་ཟས་དང་། དཀའ་ལས་ཀྱི་ཆུ་སྟེར་བར་མཛད་ནའང་། དེ་ཕྱིན་ཅད་ཁྱོད་ཀྱི་སྟོན་པ་རྣམས་མི་ཡིབ་པས། ཁྱོད་ཀྱི་མིག་གིས་རང་གི་སྟོན་པ་རྣམས་མཐོང་བ་དང་། ༢༡ ཁྱོད་གཡས་སུ་འགྲུལ་དུས་དང་། གཡོན་དུ་འདོང་དུས་སུ། ལམ་ནི་འདི་ཀ་སྟེ། འདི་ནང་འགྲུལ་ཞིག ཅེས་པའི་སྒྲ་ཞིག་ཁྱོད་ཀྱི་རྣ་བས་རྒྱབ་ནས་ཐོས་པར་འགྱུར་རོ། ༢༢ དེ་ནས་ཁྱོད་ཀྱིས་རང་གི་བརྐོས་མའི་སྐུ་འདྲའི་དངུལ་གྱི་ཁེབས་དང་། བླུག་སྐུའི་གསེར་གྱི་རྒྱན་ཆ་དག་བརླགས་པར་བྱས་ཏེ། མངལ་ཁྲག་གིས་ཚོས་པའི་རས་བཞིན་འདོར་ཞིང་། ཕར་སོང་ཞེས་སྨྲ་བར་འགྱུར།
༢༣ དེ་ནས་ཁོང་གིས་ཁྱོད་ཀྱིས་ས་བོན་ས་ལ་བཏབ་པའི་ཕྱིར་ཆད་པ་གནང་སྟེ། ས་གཞིའི་འཕེལ་གྱི་ཁ་ཟས་ཀྱི་འབྲུ་སྦོམ་པོ་དང་མང་པོ་འབྱུང་ཞིང་། དེའི་ཚེ་རྩྭ་ཁ་རྒྱ་ཆེ་བར་ཁྱོད་ཀྱི་ཕྱུགས་རྣམས་འཚོ་བར་འགྱུར། ༢༤ ཡང་ཁྱོད་ཀྱི་རྨོས་གླང་དང་བོང་ཕྲུག་གིས་ཁྱེམ་དང་བཀྲབ་ཞོང་གིས་བཀྲབ་མཁན་ཟ་བར་འགྱུར། ༢༥ སྤེའུ་དག་ལོག་པའི་གསོད་གཅོད་ཀྱི་ཉིན་མོར་རི་བོ་མཐོན་པོ་རེ་རེ་དང་། སྒང་མཐོ་བ་རེ་རེར་གྲོག་པོ་དང་ཡུར་བ་འབྱུང་བ་མ་ཟད། ༢༦ ཡ་ཧོ་ཝཱས་ཉིད་ཀྱི་བྲན་དག་གི་ཤུ་བ་བསྡམས་ཏེ། གྲིས་བཅད་པའི་རྨ་གསོ་བའི་ཉིན་མོར་ཟླ་འོད་ནི་ཉི་མའི་འོད་ལྟ་བུ་དང་། ཉི་མའི་འོད་ནི་བདུན་ལྡབ་བམ། ཉིན་མོ་བདུན་གྱི་འོད་དང་འདྲ་བར་ཡོད་པར་འགྱུར་རོ། ༢༧ ཀྱེ་ཧོ། ཡ་ཧོ་ཝཱའི་མཚན་རྒྱང་རིང་ནས་འབྱོན་གྱིན་གདའ། ཁོང་གི་ཐུགས་ཁྲོ་བ་འབར་ཏེ། དུ་བ་འཐུག་པོ་འཐུལ་ཞིང་། ཁོང་གི་ཞལ་ལྤགས་ཐུགས་ཁྲོས་གང་སྟེ། ལྗགས་ནི་ཟ་བའི་མེ་ལྟ་བུར་འདུག ༢༨ ཁོང་གི་ཞལ་དབུགས་ནི། ལུད་ཅིང་སྐེ་མཚམས་བར་དུ་འཁེལ་བའི་ཆུ་ལོག་ལྟ་བུའོ། དེས་མི་སྡེ་རྣམས་འཆོལ་བའི་ཚག་མས་འཚག་པ་དང་། འཁྲལ་དུ་འཇུག་པའི་ཕྱིར་མི་བརྒྱུད་དག་གི་འགྲམ་པར་སྲབ་ཏུ་འགྱུར་བར་འགྱུར། ༢༩ དེ་ནས་དམ་པའི་དུས་ཆེན་གྱི་དུས་སུ་མཚན་མོར་གླུ་ལེན་པ་དང་འདྲ་བར་ཁྱོད་ཅག་གིས་གླུ་ལེན་འོང་། ཡང་གླིང་བུ་ཐོགས་ཏེ་ཡི་རངས་ཤིང་། ཡ་ཧོ་ཝཱའི་རི་བོར་ཨིས་ར་ཨེལ་གྱི་བྲག་གི་དྲུང་དུ་ཆས་པ་འདྲ་བའི་སེམས་སྤྲོ་བར་བྱའོ། ༣༠ དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་ཉིད་ཀྱི་དཔལ་དང་ལྡན་པའི་གསུང་སྐད་ཐོས་སུ་བཅུག་སྟེ། ཉིད་ཀྱི་ཐུགས་ཁྲོ་གཏུམ་པོ་དང་། ཟ་བའི་མེ་ལྕེ་དང་། རླུང་དྲག་དང་། བུ་ཡུག་དང་། སེར་བའི་ངང་ནས་ཕྱག་འབེབས་པར་མཛད་པ་དེ་བསྟན་པར་འགྱུར་རོ། ༣༡ འོ་ན། ཡ་ཧོ་ཝཱའི་གསུང་སྐད་ཀྱི་ངང་ནས་ཨ་སུར་པ་གཅག་ཅིང་། ཉིད་ཀྱི་ཕྱག་འཁར་གྱིས་དེ་ལ་རྡེག་པར་འགྱུར། ༣༢ ཡ་ཧོ་ཝཱས་དེ་ལ་རོལ་བར་འགྱུར། ཁོང་གིས་འདམས་པའི་ལ་ཡོགས་ཀྱི་ཕྱག་འཁར་དེ་གར་རྒྱུ་ན། དེ་དང་བཅས་སུ་རྔ་དང་པི་ཝང་ཡང་ཡོད་པར་འགྱུར། ཡང་དེས་ཡོ་ལངས་ཀྱི་འཐབ་མོའི་ནང་དུ་དེ་ལ་རྒོལ་བར་འགྱུར་རོ། ༣༣ གང་ལ་ཞེ་ན། ཐོ་ཕེད་ཅིག་ནི་སྔར་ནས་བཤམས་ཡོད། འོ་ན། དེ་ནི་རྒྱལ་པོའི་དོན་དུ། གཏིང་ཟབ་ལ་རྒྱ་ཆེ་བར་བཤམས་ནས་གདའ། དེར་ཡོད་པའི་སྤུང་ནི་མེ་དང་བུད་ཤིང་མང་པོ་སྟེ། ཡ་ཧོ་ཝཱའི་ཞལ་གྱི་དབུགས་ཀྱིས་མུ་ཟིའི་གཙང་པོ་ལྟར་དེ་ལ་མེ་སྦར་བར་འགྱུར་རོ༎