༢༩
ཀྱེ་ཨ་རི་ཨེལ། ཨ་རི་ཨེལ། དཱ་བིད་ཀྱིས་གཞིས་ཕབ་པའི་གྲོང་ཁྱེར་ཨ་རི་ཨེལ་ལ་བཀྲ་མི་ཤིས། ལོའི་ཁར་ལོ་སྣོན་ཞིག དུས་ཆེན་རྣམས་འཁོར་བར་བྱོས་ལ། ༢ ངས་ཨ་རི་ཨེལ་སྡུག་བསྔལ་དུ་འཇུག་པ་དང་། དེར་ངུ་འབོད་དང་མྱ་ངན་འབྱུང་བས། དེ་ནི་ངའི་ཕྱིར་ཨ་རི་ཨེལ་དུ་འགྱུར་འོང་། ༣ ངས་ཁྱོད་ཀྱི་ཕྱོགས་བཞིར་དམག་སྒར་འདེབས་ཤིང་། ཕག་རས་ཁྱོད་ཀྱི་མཐའ་སྐོར་ཞིང་། ཁྱོད་ཀྱི་ཐད་དུ་རྫོང་རྣམས་བཞེངས་བར་བྱའོ། ༤ དེ་ནས་ཁྱོད་མར་ཕབ་སྟེ། ས་ལས་གཏམ་བྱེད་ཅིང་། རྡུལ་གྱི་ནང་ནས་ཁྱོད་ཀྱི་སྐད་ཉམས་ཉམས་འཐོན་འོང་། ཁྱོད་ཀྱི་སྐད་ནི་ལྷ་པའི་སྐད་བཞིན་དུ་སའི་ནང་ནས་འཐོན་ཞིང་། ཁྱོད་ཀྱི་སྐད་ནི་རྡུལ་གྱི་ནང་ནས་ཙི་རི་རི་འཐོན་པར་འགྱུར།༥ དེའི་སྟེང་དུ་ཁྱོད་ཀྱི་དགྲ་བོའི་དཔུང་ཚོགས་ནི་རྡུལ་ཕྲན་ལྟ་བུ་དང་། འཇིགས་སུ་རུང་བ་དེ་དག་གི་ཚོགས་ནི་ལྡིང་བའི་སོག་མ་ལྟ་བུར་འབྱུང་བར་འགྱུར། འོ་ན། དེ་ནི་བློ་བུར་དུ་སྐད་ཅིག་ནང་འབྱུང་བར་འགྱུར། འོ་ན། དེ་ནི་བློ་བུར་དུ་སྐད་ཅིག་ནང་འབྱུང་བར་འགྱུར་རོ། ༦ དཔུང་ཆེན་གྱི་ཡ་ཧོ་ཝཱ་ཉིད་འབྲུག་སྒྲ་དང་ས་གཡོ་བ་དང་། འུར་སྒྲ་ཆེན་པོ་དང་། རླུང་དམར་དང་། བུ་ཡུག་དང་། ཟ་བར་བྱེད་པའི་མེའི་མེ་ལྕེ་དང་བཅས་ཆད་པས་གཅོད་དུ་གཤེགས་པར་འགྱུར། ༧ ཡང་ཨ་རི་ཨེལ་ལ་འཐབ་པར་བྱེད་པའི་མི་སྡེ་ཀུན་གྱི་དཔུང་ཚོགས། དེ་དང་དེའི་རྫོང་ལ་འཐབ་ཅིང་། མནར་བར་བྱེད་པ་ཐམས་ཅད་ནི། མཚན་མོའི་རྨི་ལམ་གྱི་སྣང་བ་དང་འདྲ་བར་འགྱུར་འོང་། ༨ ཇི་ལྟར་ལྟོགས་པའི་མིས་རྨི་ལམ་རྨི་ཞིང་། ལྟོས་ཤིག ཁོས་ཟ་བར་མཐོང་ནའང་། གཉིས་སད་པ་དང་དེའི་སེམས་སྟོང་པར་ཡོད་པ་ལྟ་བུའམ། སྐོམ་པའི་མིས་རྨི་ལམ་རྨི་ཞིང་། ལྟོས་ཤིག ཁོས་འཐུང་ཡང་གཉིད་སད་པ་དང་། ཀྱེ་ཧོ། དེ་ནི་ཉམས་ཐག་ཅིང་སྐོམ་གྲིས་འཚེ་བ་དང་མཚུངས་པར་དེ་ལ་འབྱུང་བར་འགྱུར། དེ་བཞིན་དུ་རི་བོ་ཙི་ཨོན་ལ་དམག་འཐབ་བྱེད་པའི་མི་སྡེ་ཀུན་གྱི་དཔུང་ཚོགས་ལའང་འབྱུང་བར་འགྱུར་རོ༎
༩ ཧན་ནེར་སྡོད་ཅིང་ཧ་ལས་ཤིག རང་གི་མིག་ལོང་བར་བྱོས་ལ་མདོངས་པར་གྱུར་ཅིག དེ་དག་རས་བཟིས་ཀྱིས། རྒུན་ཆང་གིས་ནི་མིན། དེ་དག་འཁྱོར་ཡང་། ཆང་གིས་ནི་མིན། ༡༠ དེ་ནི་ཅི་ཡིན་ཞེ་ན། ཡ་ཧོ་ཝཱས་ཁྱོད་ཅག་གི་ཁར་གཉིད་ཀྱིས་འཐིབ་པར་བྱེད་པའི་སེམས་ཉིད་ཅིག་བླུགས་པས། ཁྱོད་ཀྱི་མིག་ཡིན་པའི་ལུང་སྟོན་པ་ནི་བསྒྲིབས། ཁོང་གིས་ཁྱོད་ཀྱི་མགོ་ཡིན་པའི་མངོན་ཤེས་པ་ལ་ཁེབས་བཀབ་པས། ༡༡ ཁྱོད་ལ་གཟིགས་སྣང་ཐམས་ཅད་ནི་ཕྱག་རྒྱ་བཏབ་ཡོད་པའི་གླེགས་བམ་གྱི་ཚིག་དང་འདྲ་བར་གྱུར་ཏེ། མི་རྣམས་ཀྱིས་ཀློག་ཤེས་མཁན་ཞིག་ལ་བཏད་ཅིང་དེ་ལ། འདི་སྒྲོག་རོགས་མཛོད་ཅིག་ཞུས་ནས་དེས། ཕྱག་རྒྱ་བཏབ་ཡོད་པས་ངས་ཀློག་པར་མི་ནུས་ཟེར་བ་དང་། ༡༢ ཀློག་མི་ཤེས་པ་ཞིག་ལ་གླེགས་བམ་དེ་བཏད་དེ། འདི་སྒྲོག་རོགས་མཛོད་ཅིག་ཞུས་ནས་དེས། ངས་མ་བསླབས་པ་ཡིན་སྨྲའོ། ༡༣ དེ་བས་ན་ཡ་ཧོ་ཝཱས་འདི་སྐད་དུ། མི་འདི་དག་གིས་རང་གི་ཁ་ལས་བདག་དང་ཉེ་ཞིང་། ཁ་ལྤགས་ལས་བདག་ལ་སྟོད་རུང་། དེ་དག་གི་སྙིང་ནི་བདག་དང་ཐག་རིང་བས། དེ་དག་ང་ལ་འཚབས་པ་ནི་མིས་བསྟན་པའི་ཚུལ་ཁྲིམས་སོ། ༡༤ དེས་ན་ངས་འདི་དག་གི་དཀྱིལ་ན་ངོ་མཚར་ཆེ་བའི་བྱ་བ་ཞིག་གམ། ངོ་མཚར་ཆེ་བའི་བྱ་བ་ཧ་ལས་པ་ཞིག་བགྱིད་པ་ལ་ཞུགས་པར་བྱའོ། དེ་ནས་དེ་དག་གི་མི་མཁས་པ་རྣམས་ཀྱི་བློ་གྲོས་ཉམས་ཤིང་། དེ་དག་གི་མཁྱེན་རྒྱ་ཟབ་པ་རྣམས་ཀྱི་དྲན་པ་འཆབ་པར་འགྱུར།
༡༥ རང་གི་གྲོས་རྣམས་ཡ་ཧོ་ཝཱ་ལས་ཡོངས་སུ་སྦ་བར་འདོད་པ་རྣམས་ལ་བཀྲ་མི་ཤིས། དེ་དག་གི་ལས་ནི་མུན་པའི་ནང་ན་འདུག་སྟེ། སུས་ངེད་མཐོང་། ངེད་ཀྱི་རྒྱུས་སུ་ལ་ཡོད་ཅེས་ཟེར་རོ། ༡༦ ཁྱོད་ཅག་གིས་མགོ་ལོག་བྱེད། རྫ་མཁན་ནི་ས་དང་འདྲ་བར་རྩི་བར་འགྱུར་རམ། དེས་བཟོས་པའི་ཡོ་བྱད་ཀྱིས། དེས་ང་མ་བཟོས་པ་ལགས་སྨྲ་བར་བྱའམ། ཡང་ན་བཟོས་ཡོད་པའི་ཡོ་བྱད་ཀྱིས་བཟོ་བོ་ལ་བལྟས་ནས། ཁོ་ལ་རིག་པ་མེད་ཅེས་སྨྲ་བར་བྱའམ།
༡༧ ལི་བ་ནོན་འབྲས་བུ་དང་ལྡན་པའི་ཞིང་དུ་གྱུར་ཏེ། འབྲས་བུ་ཅན་གྱི་ཞིང་དེ་ནི་ནགས་ཚལ་དུ་རྩི་བར་བྱ་བ་ལ་དུས་རེ་ཞིག་མ་ལུས་སམ། ༡༨ དེའི་ཉིན་འོན་པས་གླེགས་བམ་གྱི་ཚིག་རྣམས་ཐོས་ཤིང་། ལོང་བའི་མིག་གིས་མུན་པ་དང་སྨག་རུམ་གྱི་ནང་ནས་མཐོང་བར་འགྱུར། ༡༩ སེམས་དུལ་པོ་དག་གི་དགའ་བའང་ཡ་ཧོ་ཝཱའི་ནང་ན་འཕེལ་ཞིང་། དབུལ་ཕོངས་རྣམས་ཨིས་ར་ཨེལ་གྱི་དམ་པ་ཉིད་ཀྱི་ནང་ན་ཡི་རང་བར་འགྱུར་རོ། ༢༠ དེ་ཅིའི་ཕྱིར་ཞེ་ན། དབང་ཤེད་བྱེད་མཁན་ནུབ་སྟེ། འཕྱ་མཁན་མེད་པར་འགྱུར་ཞིང་། མི་ཚངས་པ་སྤྱོད་དུ་ལངས་ནས་སྡོད་པ་ཐམས་ཅད་གཏུབ་པར་འགྱུར་བའི་ཕྱིར་རོ། ༢༡ དེ་དག་གིས་རྒྱུ་རྐྱེན་གྱི་ནང་ན་སླུ་བར་བྱེད་ཅིང་། རྒྱ་སྒོར་ཁྲིམས་ཐག་གཅོད་མཁན་ལ་རྙི་འཛུག་ཅིང་། མེན་མེན་གྱིས་མི་དྲང་པོ་ཟློག་པར་བྱེད། ༢༢ དེ་བས་ན་ཨབ་ར་ཧམ་གྱི་སྒྲོལ་མཛད་ཡ་ཧོ་ཝཱས་ཡ་ཀོབ་ཀྱི་བུ་བརྒྱུད་ལ་གཟིགས་ཤིང་འདི་སྐད་དུ། ད་ཡ་ཀོབ་སྐྱེང་བར་ཡང་མི་འགྱུར། གདོང་རྩི་ཡང་འཁྱེར་བར་མི་འགྱུར་གྱི། ༢༣ དེས་རང་གི་ནང་ན་བདག་གི་ཕྱག་གིས་བཀོད་པའི་བུ་རྣམས་ལ་ལྟ་བའི་ཚེ་ན། དེ་ཚོས་ངའི་མཚན་དམ་པར་རྩི་ཞིང་། ཡ་ཀོབ་ཀྱི་དམ་པ་ཉིད་དམ་པར་རྩིས་ཏེ། ཨིས་ར་ཨེལ་གྱི་དཀོན་མཆོག་ལ་འཚབས་པར་འགྱུར། ༢༤ ཡང་རྣམ་ཤེས་ཀྱི་ནང་ན་ལམ་སྟོར་བ་དག་ལའང་གོ་བ་བརྙེད་དེ། ཁ་དམར་རྣམས་ཀྱང་ཆོས་སྒོར་འཇུག་པར་འགྱུར་རོ༎