༢༨
ཨེབ་ར་ཨིམ་གྱི་རས་བཟིས་པའི་ང་རྒྱལ་གྱི་ཅོད་པན་དང་། དེའི་ལུང་པ་གཤིན་པོའི་ཕུ་ན་རྒུན་ཆང་གིས་བཅོམས་པའི་དཔལ་གྱི་གཟི་བརྗིད་ནི་བརྙིད་པའི་མེ་ཏོག་ལགས་པ་ལ་བཀྲ་མི་ཤིས། ༢ ཀྱེ་ཧོ། སེར་བའི་བུ་ཡུག་དང་། རླུང་འཇོམས་བྱེད་དང་། ཆུ་རྣམས་ཀྱི་ཆུ་རུད་དྲག་པོ་དང་མཚུངས་པའི་མཐུ་ལྡན་གྱི་དཔའ་བོ་ཞིག་ཡ་ཧོ་ཝཱ་ལ་ཡོད། ཁོས་དྲག་པོའི་ལུགས་སུ་ས་ལ་བརྡབ་པར་འགྱུར། ༣ ཨེབ་ར་ཨིམ་གྱི་རས་བཟིས་པའི་ང་རྒྱལ་གྱི་ཅོད་པན་ནི་རྐང་འོག་ཏུ་རྫི་བར་བྱ་ཞིང་། ༤ དེའི་ལུང་པ་གཤིན་པོའི་ཕུ་ན་ཡོད་པའི་དཔལ་གྱི་གཟི་བརྗིད་ཀྱི་མེ་ཏོག་བརྙིད་པོ་ནི། དབྱར་སྟོད་དུ་ཆགས་པའི་སེ་ཡབ་མགོ་ཚོས། སུས་བལྟས་ནས་མཐོང་བ་ཙམ་གྱིས་ལག་ཏུ་ཐོགས་ཏེ། ཁ་ལ་རྒྱབ་པ་བཞིན་དུ་འགྱུར་བར་འགྱུར།༥ ཉིན་མོ་དེར་དཔུང་ཆེན་གྱི་ཡ་ཧོ་ཝཱ་ནི་ཁོང་ཉིད་ཀྱི་འབངས་ལྷག་མ་རྣམས་ཀྱི་ཕྱིར་དུ་གཟི་བརྗིད་ཀྱི་ཅོད་པན་དང་མཛེས་པའི་གཙུག་རྒྱན་དུ་འགྱུར་ཞིང་། ༦ ཞལ་ཆེ་གཅོད་དུ་བཞུགས་པ་ལ་ཞལ་ཆེའི་ཐུགས་ཉིད་དང་། རྒྱ་སྒོ་ལས་དམག་ཟློག་པ་ལ་མཐུ་སྟོབས་སུ་འགྱུར་བར་འགྱུར་རོ༎
༧ འོན་འདི་དག་ཀྱང་རྒུན་ཆང་གིས་འཁྲུལ་ཏེ། ཆང་གར་བས་འཁྱོར་རོ། བླ་མ་དང་ལུང་སྟོན་པ་ཆང་གིས་འཁྲུལ་ཏེ། རྒུན་ཆང་གིས་མགོ་འཁོར་ཞིང་། ཆང་གར་བས་འཁྱོར་ཞིང་། ལུང་ནང་འཁྲུལ་ནས། ཞལ་ཆེ་ནང་འབུབ་པའི་རྐྱེན་གྱིས། ༨ ལྕོག་ཙེ་ཐམས་ཅད་སྐྱུག་པ་དང་མི་གཙང་བས་གང་སྟེ། དེར་གཙང་བའི་གནས་ཤིག་གང་ཡང་མེད་དོ། ༩ ཁོང་གིས་གང་ལ་རིག་པ་སློབ་པར་བྱ། གང་ལ་བསྟན་པ་ཆུབ་པར་བྱ། འོ་མ་དང་ནུ་ཞོ་བཅད་པ་ལ་སློབ་པར་འགྱུར་རམ། ༡༠ གང་ལ་ཞེ་ན། སྤྱད་མཚམས་ཀྱི་ཁར་སྤྱད་མཚམས། དྲང་ཐིག་གི་ཁར་དྲང་ཐིག དྲང་ཐིག་གི་ཁར་དྲང་ཐིག འདིར་ཅུང་ཟད་ཅིག དེར་ཅུང་ཟད་ཅིག་ཅེས་ཟེར་རོ། འོ་ན། ༡༡ སྒྲ་མི་དག་པའི་ཁ་ལྤགས་དང་། མི་ཡན་གྱི་ལྕེ་ཡིས་མི་བརྒྱུད་འདི་ལ་ཁོང་གིས་གླེང་བར་འགྱུར། ༡༢ དེ་རྣམས་ལ་ཁོང་གིས། འདི་ནི་བསྟི་གནས་ཏེ། ཐང་ཆད་པ་དག་ལ་ངལ་གསོ་བར་ཆུག་ཅིག འདི་ནི་སྐྱོ་སངས་པའོ་གསུངས་ཀྱང་། ཉན་པར་མ་དགའོ། ༡༣ དེ་བས་ན་དེ་དག་ལ་ཡ་ཧོ་ཝཱའི་བཀའ་ནི་འདི་ལྟ་སྟེ། སྤྱད་མཚམས་ཀྱི་ཁར་སྤྱད་མཚམས། སྤྱད་མཚམས་ཀྱི་ཁར་སྤྱད་མཚམས། དྲག་ཐིག་གི་ཁར་དྲང་ཐིག དྲང་ཐིག་གི་ཁར་དྲང་ཐིག འདིར་ཅུང་ཟད་ཅིག དེར་ཅུང་ཟད་ཅིག གང་ལ་ཞེ་ན། དེ་དག་འགྲོ་བ་དང་གན་རྐྱལ་དུ་འགྱེལ་ཞིང་། ཆག་ཅིང་། རྙིར་ཚུད་ནས། འཛིན་པར་འགྱུར།
༡༤ དེ་བས་ན་མི་ཚོགས་འདི་ལ་ཡེ་རུ་ཤ་ལེམ་ནང་སྲིད་བྱེད་པའི། ཀྱེ་སྐུར་པ་འདེབས་པའི་མི་རྣམས། ཁྱོད་ཀྱིས་ཡ་ཧོ་ཝཱའི་བཀའ་ལ་རྣ་བ་ཐུད་ཅིག ༡༥ ཁྱོད་ཀྱིས། ངེད་ཚོས་འཆི་བ་དང་ཁ་ཆད་བྱས་ཏེ། གཤིན་ཡུལ་དང་ཆད་དོན་བྱས་ཡོད། ངེད་ཀྱིས་རྫུན་ནི་རང་གི་སྐྱབས་གནས་དང་། ཁྲམ་གྱི་འོག་ན་རང་ཡིབ་པས། འབྲུབ་པའི་རྟ་ལྕག་རྒྱུ་དུས་སུ་ངེད་ལ་འཕོག་པར་མི་འགྱུར་རོ། ཞེས་སྨྲས་པའི་ཕྱིར་རོ། ༡༦ དེ་བས་ན་ཡ་ཧོ་ཝཱ་དཀོན་མཆོག་གིས་འདི་སྐད་དུ། ཀྱེ་ཧོ། ངས་ཙི་ཨོན་གྱི་ནང་ན་རྩིག་རྨང་གི་དོན་དུ་དཔྱད་པའི་རྡོ་བ་ཟུར་རྡོ་རིན་ཐང་ཆེ་ལ་རྩིག་རྨང་ཕྱིར་བརྟན་པོའི་རྡོ་བ་ཞིག་འཇོག་པས། དད་པ་རྣམས་འབྲོས་པར་མི་འགྱུར། ༡༧ ཡང་ངས་ཐིག་སྐུད་ཁར་ཞལ་ཆེ་དང་། ཞ་ཉེའི་གཏིང་རྡོའི་ཁར་དྲང་བ་ཉིད་བཞག་པ་དང་། སེར་བས་རྫུན་ཅན་གྱི་སྐྱབས་གནས་འཕྱགས་ཏེ། ཆུས་ཡིབ་ས་འཁྱེར་བར་འགྱུར་རོ། ༡༨ དེ་ནས་ཁྱོད་ཀྱིས་འཆི་བ་དང་མཉམ་དུ་བྱས་པའི་ཁ་ཆད་བཅག་སྟེ། གཤིན་ཡུལ་མཉམ་བྱས་པའི་ཆད་དོན་ཡང་མི་ལུས་ཏེ། འབྲུབ་པའི་རྟ་ལྕག་རྒྱུ་དུས་སུ་དེས་ཁྱོད་རྡོག་རྫིས་ལ་གཏང་ངོ་། ༡༩ དེ་རྒྱུ་དུས་སུ་ཁྱོད་ཕར་འཁྱེར་འོང་། སྔ་དྲོ་རེ་བཞིན་དུ་དང་ཉིན་མཚན་དུ་རྒྱུ་བར་འགྱུར། དེའི་སྐད་ཆ་ཐོས་པ་ཡང་བག་ཚ་བའི་རྒྱུར་འགྱུར། ༢༠ གང་ལ་ཞེ་ན། མལ་ཁྲི་ཐུང་བས། མི་གང་གིས་ཀྱང་དེའི་ཁར་ལུས་རྐྱོང་མི་ནུས། མལ་གོས་ལ་ཕལ་མེད་པས། གང་གིས་ཀྱང་དེའི་ནང་རང་འཐུམ་མི་ནུས། ༢༡ དེའང་ཁོང་གི་ཕྲིན་ལས་དང་། ཉིད་ཀྱི་མི་འདྲ་བའི་ཕྲིན་ལས་དང་། ཁོང་གི་མཛད་རྒྱ་དང་། ཉིད་ཀྱི་མི་འདྲ་བའི་མཛད་རྒྱ་དེ་མཛད་དུ། ཕེ་ར་ཙིམ་གྱི་རིར་བཞེངས་པ་ལྟར་དང་། གི་བེ་ཨོན་ལུང་པ་རུ་ཐུགས་ཁྲོས་པ་བཞིན་དུ། ཡ་ཧོ་ཝཱ་ཐུགས་ཁྲོ་བར་འགྱུར། ༢༢ དེས་ན་ཁྱོད་རང་གི་སྒྲོག་སྲ་བར་བྱེད་དུ། ད་ཁྱོད་ཀྱིས་འཕྱ་བར་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་ས་གཞི་ཐམས་ཅད་མེད་པར་མཛད་པའི་ཐུགས་བསམ་བཞེས་ཟིན་པ། ངས་དཔུང་ཆེན་གྱི་ཡ་ཧོ་ཝཱ་དཀོན་མཆོག་ལས་ཐོས་པ་ཡིན།
༢༣ རྣ་བ་བཏུད་དེ་བདག་གི་སྒྲ་ལ་ཉོན། རྣ་བས་ཉོན་ལ་བདག་གི་གཏམ་ལ་གསན་དང་། ༢༤ ཐོང་པས་ས་བོན་འདེབས་སུ་ཆད་མེད་རྨོ་བར་བྱེད་དམ། ཆད་མེད་རང་གི་ཞིང་སློག་ཅིང་གོང་བུ་གཅོག་པར་བྱེད་དམ། ༢༥ ས་བསྙོམས་ཟིན་པ་ཙམ་གྱིས་དེས་ལ་ལ་ཕུད་གཡོག་ཅིང་། ཟི་ར་གཏོར་བར་མི་བྱེད་དམ། རིམ་པར་གྲོ་འདེབས་ཤིང་། ནས་ཀྱི་སར་ནས་དང་། མཐའ་མར་ཀ་རྩ་མ་འདེབས་པར་མི་བྱེད་དམ། ༢༦ དེ་ཅིའི་ཕྱིར་ཞེ་ན། དེའི་དཀོན་མཆོག་གིས་དེ་ལ་ཞལ་གདམས་མཛད་དེ་བློ་གྲོས་གནང་ཞིང་སློབ་པར་མཛད་དོ། ༢༧ གདག་ཤིང་རྣོ་བས་ལ་ལ་ཕུད་ཀྱང་མི་དཀྲུག ཟི་རའི་ཐོག་ཏུ་ཤིང་རྟ་ཡང་མི་སྐོར་གྱི། དབྱུག་པས་ལ་ལ་ཕུད་དང་། བེར་ཀས་ཟི་ར་དཀྲུག་པར་བྱེད། ༢༨ བག་ལེབ་ཀྱི་འབྲུ་ལ་ཁྱུ་ཡིས་སྐོར་བར་བྱེད་ཀྱང་། རྒྱུན་དུ་དེ་ནི་འཐག་པར་མི་བྱེད། རང་གི་ཤིང་རྟ་དང་རྟས་སྐོར་ཡང་། མི་འཐག་གོ། ༢༩ ཐུགས་རྒྱ་ནི་ངོ་མཚར་ཅན་དང་ཡེ་ཤེས་ནི་ཁྱད་པར་ཅན་ལགས་པའི་དཔུང་ཆེན་གྱི་ཡ་ཧོ་ཝཱ་ལས་འདི་ཡང་འབྱུང་ངོ་༎