༢༧
ཉིན་མོ་དེར་ཡ་ཧོ་ཝཱས་ཉིད་ཀྱི་རལ་གྲི་སྲ་ལ་ཆེ་བའི་མཐུ་ལྡན་གྱིས་ལེ་ཝི་ཡཱ་ཐན་ནམ། བང་ཆེ་བའི་སྦྲུལ་དང་། ལེ་ཝི་ཡཱ་ཐན་འཁྱིལ་བའི་སྦྲུལ་ལ་ཆད་པས་གཅད་དེ། རྒྱ་མཚོའི་འབྲུག་ཀྱང་གསད་དོ༎༢ ཉིན་དེར་ཡིད་དུ་འོང་བའི་རྒུན་ཚལ་གྱི་གླུ་ཞིག་ལེན་པར་བྱོས། ༣ ཡ་ཧོ་ཝཱ་ང་ནི་དེའི་བསྲུང་མཁན་ལགས། ཡུད་རེ་བཞིན་དུ་ཆུ་གཏོང་ཞིང་། གང་གིས་ཀྱང་དེ་ལ་མི་སྣད་པའི་དོན་དུ། ངས་དེ་ཉིན་མཚན་མེད་པར་སྲུང་བར་བྱའོ། ༤ ངའི་ནང་ན་ཐུགས་ཁྲོ་མེད་རུང་། ང་ལ་རྒོལ་བའི་སེ་བ་དང་ཚེར་མ་ཡོད་ན་ཅི་མ་རུང་། བདག་དེ་དག་གི་ཕྱོགས་སུ་དམག་ལ་ཆས་ཤིང་། དེ་དག་ཕྱོགས་གཅིག་ཏུ་སྲེག་པར་བྱའོ། ༥ དེ་མིན་བདག་དང་འདུམ་བྱེད་དུ། ངའི་མཐུ་སྟོབས་ལ་འཇུས་ཤིག འོ་ན། བདག་དང་འདུམ་པར་བྱོས་ཤིག
༦ ཕྱིས་སུ་ཡ་ཀོབ་ཀྱི་རྩ་བ་ཚུགས་ཏེ། ཨིས་ར་ཨེལ་ལ་སྦལ་མིག་ཆགས་ཏེ། མེ་ཏོག་འབར་ཞིང་། ཤིང་འབྲས་ཀྱིས་འཇིག་རྟེན་འགེངས་པར་བྱའོ༎
༧ དེ་དག་གིས་ཁོ་ལ་བརྡུངས་པ་བཞིན་དུ། ཁོང་གིས་ཀྱང་ཁོ་ལ་བརྡུངས་སམ། ཡང་ན། ཁོང་བསད་མཁན་ཤི་བ་བཞིན་དུ་ཁོ་ཡང་བསད་པར་གྱུར་ཏམ། ༨ ཁྱེད་ཀྱིས་རིགས་བཞིན་མོ་བཅད་སྟབས་ཀྱིས་མོ་དང་བརྩད་དེ། ཤར་རླུང་གི་ཉིན་མོར་ཉིད་ཀྱི་རླུང་དྲག་གིས་མོ་འཁྱེར་བར་མཛད་དོ། ༩ དེ་ལྟར་ཡ་ཀོབ་ཀྱི་ཉེས་སྡིག་བཤགས་ནས། འདི་ནི་དེའི་ཉེས་སྡིག་ཁྱེར་པའི་འབྲས་བུ་ཐམས་ཅད་ཡིན། གང་གི་དུས་སུ་ཁོང་གིས་མཆོད་ཁྲིའི་རྡོ་ཐམས་ཅད་བཅག་པའི་སེག་མ་ལྟར་རུག་རུག་མཛད་པ་ན། ཨ་ཤེ་རིམ་དང་ཉི་མའི་སྐུ་འདྲ་སླར་སློང་བར་མི་འགྱུར་རོ། ༡༠ དེ་ཅིའི་ཕྱིར་ཞེ་ན། གྲོང་ཁྱེར་བཙན་པོ་ནི་སྟོང་པ་དང་། ཡུལ་སྟོངས་ནས་འབྲོག་སྟོང་ལྟར་སྟོང་ཞིང་། དེར་བེའུ་འཚོ་བར་བྱེད་ཅིང་ཉལ་བར་འགྱུར་ཏེ། དེའི་ཡལ་ག་དག་ཟ་བར་འགྱུར། ༡༡ དེའི་ཡལ་ག་རྣམས་རྙིད་པའི་ཚེ་ན་བཅད་ནས། བུད་མེད་རྣམས་འོངས་ནས། དེ་དག་སྲེག་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་གོ་བ་མེད་པའི་མི་ཚོགས་ཤིག་ཡིན་པས། རང་གི་བཀོད་པ་པོས་དེ་དག་ལ་སྙིང་མི་རྗེ་སྟེ། དེ་དག་གི་མཛད་པ་པོས་ཀྱང་དེ་དག་ལ་ཐུགས་རྗེ་གཟིགས་པར་མི་འགྱུར་བའི་ཕྱིར་རོ༎
༡༢ ཡང་ཉིན་མོ་དེར་གཙང་པོའི་ཆུ་འཕེལ་ནས། མི་སེར་གྱི་གྲོག་པོའི་བར་དུ་ཡ་ཧོ་ཝཱས་དཀྲུག་པའི་རེས་ལ་འབབ་པར་འགྱུར། ཡང་ཀྱེ་ཨིས་ར་ཨེལ་གྱི་བུ་བརྒྱུད། ཁྱོད་རེ་རེ་བཞིན་དུ་སྡུད་པར་བྱའོ། ༡༣ ཡང་ཉིན་དེར་རྒྱ་དུང་ཆེན་པོ་འབུད་པ་ན། ཨ་སུར་ཡུལ་ན་འཆི་ཁར་ཡོད་པ་དང་། མི་སེར་ཡུལ་དུ་སྐྲད་པ་དག་འོངས་ཏེ། ཡེ་རུ་ཤ་ལེམ་གྱི་རི་བོ་དམ་པར་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་པར་འགྱུར་རོ༎